བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྦིར་ཅོན་ཏ་ར་ཁུལ་གྲུབ་ནས་མན་ཌི་ས་ཁུལ་དུ་བརྒྱུད་སྤྲོད་གནང་བ།

༄༅། །མན་ཌི་ས་གནས་འགོ་འཛིན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ སྔ་དྲོ་ཆུ་ཚོད་ ༡༠་༣༠ ཐོག་སྦིར་ནས་བདེན་པའི་མེ་ལྕེའི་སྐོར་སྐྱོད་དེ་སྦིར་བོད་ཚོགས་དང༌། སྦིར་བདེ་དགེ ཅོན་ཏ་ར་བཅས་ས་གནས་གསུམ་དུ་སྐོར་སྐྱོད་གྲུབ་སྟེ་སྐུ་ཚབ་རྣམས་ཀྱིས་མན་ཌིར་མན་ཌིའི་ས་འཐུས་ཚོགས་གཞོན་དང་འཐུས་མི། ས་གནས་འགོ་འཛིན་དང་ལས་བྱེད། ས་གནས་རང་ཚོགས་ཚོགས་གཙོ་དང་འཐུས་མི། ཁྱབ་ཁོངས་ས་གནས་ཁག་བཞིའི་སེར་སྐྱ་མང་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་བསུ་ལེན་ཞུས་པ་དང༌། ཆུ་ཚོད་ ༡༠་༤༥ ཐོག་བདེན་པའི་མེ་ལྕེ་ས་གནས་སུ་བསུ་ལེན་གྱི་མཛད་སྒོ་དང་བཀའ་ཤག་གི་བཀའ་དགོངས་ལྟར་དེ་རིང་ཕྱི་ཟླ་ ༨ ཚེས་ ༨ ཉིན་བོད་ནང་གི་ཛ་དྲག་གནས་སྟངས་དང༌། རང་ལུས་མེར་སྲེག་འབུལ་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་དང༌། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་ལས་ཁུར་དམ་འབུལ་བཞེས་སྟེ་ལོ་གཅིག་འཁོར་བའི་དུས་ཚིགས་ཉིན་ས་གནས་སོ་སོར་ལས་འགུལ་སྤེལ་རྒྱུའི་ཉིན་མོ་ཡང་འཁེལ་བ་དང་སྟབས་བསྟུན་ལས་འགུལ་སྤེལ་འདུག

བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྦིར་ཅོན་ཏ་ར་ཁུལ་གྲུབ་ནས་མན་ཌི་ས་ཁུལ་དུ་བརྒྱུད་སྤྲོད་གནང་བ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྦིར་ཅོན་ཏ་ར་ཁུལ་གྲུབ་ནས་མན་ཌི་ས་ཁུལ་དུ་བརྒྱུད་སྤྲོད་གནང་བ།

དེ་ཡང་ཐོག་མར་མི་མང་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱ་གཉིས་ཀྱི་རྒྱལ་གླུ་ཕུལ་རྗེས། བོད་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུས་ཡུན་སྐར་མ་གཅིག་རིང་མྱ་ངན་གུས་བཏུད་ཞུས། དེ་ནས་མན་ཌི་ས་གནས་འགོ་འཛིན་བསྟན་འཛིན་བཟང་མོ་ལགས་ནས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༨ ཉིན་མི་མང་ལ་གསུང་བཤད་གནང་བའི་འཚམས་འཕྲིན་སྒྲོག་སྦྱང་ཞུས། དེ་རྗེས་མཚོ་པདྨ་འབྲེལ་མཐུད་པ་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་དེ་ཉིན་གྱི་ལས་འགུལ་སྤེལ་དགོས་དོན་དང་ལས་འགུལ་ཇི་སྤེལ་གྱི་ངོ་སྤྲོད་གནང༌། དེ་ནས་ས་གནས་རྒྱ་གར་སྐུ་མགྲོན་ནབ་ཇོ་ཏི་ཀ་ལ་མན་ཇ་ཞེས་པའི་ཚོགས་པའི་ཚོགས་གཙོས་གསུང་བཤད་གནང༌། དེ་རྗེས་མན་ཌི་ས་འཐུས་ཚོགས་གཞོན་ནས་ཧིན་ཡིག་ཐོག་དུས་ཚིགས་ངོ་སྤྲོད་དང་གསུང་བཤད་གནང༌། མཐར་མན་ཌི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མན་ཌི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱིས་ཁྲོམ་སྐོར་ཞུས་མཚམས་སུ་སེར་སྐྱ་ཕོ་མོ་ཡོངས་རྫོགས་ནས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བདེན་ཚིག་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་མཇུག་བསྒྲིལ་ཞུས༌ཡོད་པ་དང་དེ་ནས་ཕྱི་དྲོ་ས་ཁག་བཞི་སོ་སོའི་ནང་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་འདུག ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ལ།།

བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྦིར་ཅོན་ཏ་ར་ཁུལ་གྲུབ་ནས་མན་ཌི་ས་ཁུལ་དུ་བརྒྱུད་སྤྲོད་གནང་བ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྦིར་ཅོན་ཏ་ར་ཁུལ་གྲུབ་ནས་མན་ཌི་ས་ཁུལ་དུ་བརྒྱུད་སྤྲོད་གནང་བ།