བོད་རྒྱལ་ལོ་ ༢༡༤༣ ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་དཔལ་ལྡན་ཚོགས་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

_DSC1239
གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་མཐའ་མའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད་གནང་བཞིན་པ།

དེ་རིང་གི་ལས་རིམ་བདུན་པ་དེ་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་ཡིན། ཡིག་ཆ་ཨང་ ༤༠ པ་དེ་ཚོགས་གཙོའི་གཏམ་བཤད་ཀྱི་ཆ་ཤས་ཡིན། དེའི་ནང་སྐབས་ ༡༥ པའི་སྤྱི་འཐུས་འགོ་བཙུགས་ནས་དེ་རིང་གི་གྲོས་ཚོགས་བར་དུ། སྤྱིར་བཏང་ཕྱི་ཟླ་ ༤ པའི་ཚེས་ ༡ བར་དུ་ལབ་ཡོད་པ་རེད་དེ། དེ་རིང་གི་གྲོས་ཚོགས་ཀྱི་བསྡོམས་དེ་ཚོ་དའི་ནང་ལ་འཇུག་ཐུབ་མ་སོང་ཞེས་ཞུ་རྒྱུ་ཡིན། ང་ཚོ་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དང་། དེའི་ཉིན་མཐའ་མའི་ལས་རིམ་མཐའ་མ་འདྲ་པོ་དེ་ཆགས་བསྡད་ཡོད་པ་རེད། དེ་རིང་གི་གྲོས་ཚོགས་ནང་ལ་ལས་དོན་གྱི་ཐོག་ནས་གཞུང་འབྲེལ་གྱི་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་ ༥ གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཐོག་ལ་བཀའ་མོལ་བྱུང་བ་རེད། གཙོ་བོ་དུས་ཚོད་མང་བ་དེ་དཔལ་འབྱོར་གྱི་ལས་དོན་སྒང་ལ་བཏང་ནས་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་ཟིན་པའི་གནས་སྟངས་དེ་ཚང་མས་ཐུགས་མངའ་ཡོད་པ་སོང་ཙང་ཞུ་མི་དགོས་པར་བྱོས། དེ་ནས་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་ ༥ བྱུང་བ་རེད། ཁྲིམས་སྒྲིག་བསྐྱར་བཅོས་ ༤ བྱུང་བ་རེད། དེའི་ནང་ནས་ ༡ མར་ཟགས་ནས་ ༣ གཏན་འབེབས་བྱུང་བ་རེད། གཞུང་འབྲེལ་གྲོས་ཆོད་དང་། བཀའ་ཤག་གིས་གསལ་བཤད། གསལ་བཤད་ཀྱི་ཐོག་ལ་བགྲོ་གླེང་། བགྲོ་གླེང་གི་ཐོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་དང་ལན་འདེབས་གནང་དགོས་པ་དེ་དག་ཀྱང་གནང་བ་དང་།

         དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་སྙ་སྒྲོན། དེར་ཚོགས་ཆུང་གིས་སྐུ་ལས་མང་པོ་ཞིག་སྐྱོན་ཡོད་པས་ཚོགས་མི་ཚང་མ་ལ་བསྔགས་བརྗོད་ཞུ་བ་དང་སྦྲགས་ནས་དེའི་ཐོག་ལ་གྲོས་ཆོད་བཞག་པ། དེ་ནས་སྤྱི་འཐུས་སྒེར་གྱིས་གསལ་བཤད་དང་། གསལ་བཤད་ཀྱི་ཐོག་ལ་བགྲོ་གླེང་བྱུང་མ་བྱུང་གི་གནས་སྟངས་ཚང་མ་ང་རང་ཚོས་མཁྱེན་བསྡད་ཡོད་པ་རེད།

         དེའི་ནང་ནས་མཐོང་ཚུལ་ཁ་ཤས་ཤིག་ཞུས་ན་བསམས་བྱུང་། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ལྔ་ཞིག དེའི་སྔོན་ལ་ཕྱག་ལས་གནང་མྱོང་མཁན་དེ་ཚོ་ལ་རྒྱུས་མངའ་མང་པོ་ཡོད་པ་རེད། ད་ལྟ་གསར་དུ་སྐབས་བཅོ་ལྔ་པའི་ནང་ལ་ཕེབས་ནས་ལོ་ལྔ་ཞིག་ཕེབས་ཡོད་པ་རེད་དེ། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྐོར་ནས་ད་ལྟ་ཡིན་ནའང་བག་ཡོད་བསྟེན་ཕྱོགས་ནས་འཐུས་ཤོར་ལ་འགྲོ་གི་ཡོད་པ་ཞིག་ཚོགས་གཙོས་མཐོང་གི་འདུག སྐབས་དང་དུས་སོ་སོ་ལ་ཞུས་བསྡད་པ་ཡིན་ན། ཡང་ནས་ཡང་དུ་འདྲ་ཞིག་ཆགས་བསྡད་ཡོད་དུས་མ་ཞུས་པ་རེད། ད་མ་འོངས་པར་བསྐྱར་དུ་ཕེབས་མཁན་ཚོ་ཡིན་ནའང་བག་ཡོད་བསྟེན་ཕྱོགས་ཀྱི་ཐོག་ལ་ཏན་ཏན་དགོངས་པ་བཞེས་དགོས་ཀྱི་འདུག གྲོས་ཚོགས་ཀྱི་ཚོགས་ཁང་ནང་ལ་ཕེབས་པའི་སྐབས་སུ་ཚོགས་གཙོའི་ཞབས་སྟེགས་ལ་གུས་བཏུད་ཞུས་ནས་ཕེབས་དགོས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་གྲོས་ཚོགས་ཀྱི་ཚོོགས་ཁང་གི་ནང་ནས་མར་ཐོན་པའི་སྐབས་ཡིན་ནའང་ཚོགས་གཙོའི་ཞབས་སྟེགས་ལ་གུས་བཏུད་ཞུས་ནས་ཕེབས་དགོས་ཀྱི་ཡོད་པ་རེད། དེའི་སྒང་ལ་སུ་སྡོད་ཀྱི་ཡོད་མེད་ཀྱི་སྐད་ཆ་དེ་མ་རེད། དེ་གྲོས་ཚོགས་ཀྱི་ཚོགས་གཙོའི་ཞབས་སྟེགས་ལ་ཆེ་མཐོང་ཡོང་བའི་ཆེད་དུ་དང་གྲོས་ཚོགས་ཀྱི་འགྲོ་ལུགས་ཀྱི་ཐོག་ནས་གུས་བརྩི་བྱེད་སྟངས་དང་། མི་གཞན་པས་ལྟ་སྟངས་ལ་མཐོང་སྣང་ཡག་པོ་ཞིག་ཡོང་བའི་ཆེད་དུ་རེད། དེའི་གནས་ཚུལ་གཅིག་དང་། ད་གིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་བའི་སྐབས་སུ་རེད། ང་ཚོའི་གྲོས་ཚོགས་ཀྱི་བག་ཡོད་བསྟེན་ཚུལ་ནང་ལ་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་མེད་པའི་ཡིག་ཆ་དེ་འདྲ་གྲོས་ཚོགས་ནང་ལ་བསྣམས་ཕེབས་ཆོག་གི་ཡོད་པ་མ་རེད། དེ་ཚོ་ཚང་མ་ང་ཚོའི་ཙག་ཙིག་གི་གནད་དོན་རེད། དེ་ནས་གལ་ཆེ་བ་དེ་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་བརྩི་བཞིན་ཡོད། གྲོས་ཚོགས་ལ་བརྩི་བཞིན་ཡོད། འགན་ཁུར་གྱི་ཡོད་ཅེས་གསུངས་གནང་བ་རེད། ཡང་དེ་འདྲའི་ཐོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོས་ལམ་སྟོན་བྱས་བཞག་པ་དེ་འདོད་པ་མ་བྱུང་བ་ཡིན་ནའང་བརྩིས་ཡོད་ཅེས་གསུངས་སོང་། གྲོས་ཚོགས་ཀྱི་ཚོགས་གཙོས་ལམ་སྟོན་ཞུས་པའི་སྐབས་དེར་མང་གཙོའི་འགྲོ་ལུགས་དང་འགྲོ་སྟངས་ཚད་དང་ལྡན་པ་ཡོང་བའི་ཆེད་དུ་ལམ་སྟོན་ཞུ་གི་ཡོད་པ་རེད། དེ་ག་ནང་བཞིན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིར་ལམ་ལུགས་གང་ཡོད་པ་དེ་དག་ལ་བརྩི་སྲུང་ཡོང་བའི་ཆེད་དུ་ལམ་སྟོན་ཞུ་གི་ཡོད་པ་རེད། དེ་འདྲ་ཞུ་བའི་སྐབས་སུ་ཁྲིམས་དང་སྒྲིག་གཞི་ལ་གཞི་བཅོལ་བའི་ཐོག་ནས་ཞུ་གི་ཡོད་དུས། དེ་འདྲ་ལ་དགོངས་ཚུལ་མ་མཐུན་པ་དེ་འདྲ་འཛིན་སྐྱོང་བཀའ་ཤག་ནང་ལ་ཡོད་པ་ཡིན་ནའང་། ཏན་ཏན་གྲོས་ཚོགས་འདིའི་ནང་ལ་གསུང་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་རེད། ཁ་སང་ཚོགས་གཙོས་ལམ་སྟོན་ཞུས་པའི་སྐབས་སུའང་ཞུས་པ་ཡིན། ཚོགས་གཙོས་ལམ་སྟོན་ཞུས་པ་དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མ་མཐུན་པ་དེ་འདྲ་གཟིགས་ཀྱི་ཡོད་པ་ཡིན་ན། དེ་ལ་ང་ཚོ་ཟུར་དུ་འཚོགས་དགོས་པ་ཡིན་ནའང་འདྲ། ཡང་མིན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཐོག་ནས་ང་ཚོ་ཚོགས་ནས་དེ་ཚོའི་རིགས་དེ་གསལ་པོ་ཞིག་མ་བཟོས་པ་ཡིན་ན། ང་ཚོ་ད་ལྟ་འདི་ནས་འཁྱུར་འགྲོ་གི་ཡོད་པ་རེད། ཁ་ཤས་ཡང་བསྐྱར་ཕེབས་ཀྱི་རེད། མ་འོངས་པའི་འགྲོ་ལུགས་འགྲོ་སྟངས་དེ་ཚད་དང་ལྡན་པ་ཞིག་ཡོང་བའི་ཆེད་དུ་ཚོགས་གཙོས་ལམ་སྟོན་བྱས་པ་དེ་ཚོ་ལ་མ་མཐུན་པ་དེ་འདྲ་ཡོད་པ་ཡིན་ན། མཐུན་པ་བཟོ་དགོས་པ་དེ་གལ་ཆེན་པོ་རེད། ཚོགས་གཙོས་གསུངས་པ་ཙམ་གྱིས་ཐུགས་བློ་མ་ཁེངས་པ་དང་ཐུགས་བློ་མ་ཚིམས་པ་དེ་འདྲ་བྱུང་བ་ཡིན་ནའང་། ཚོགས་གཙོས་ལམ་སྟོན་ཞུས་པ་དེ་ལ་བརྩི་ཁུར་ཞུས་པའི་རྣམ་པ་བསྟན་པ་ཡིན་ན། དེ་གཅིག་པུས་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད་ཅེས་ཞུ་འདོད་བྱུང་སོང་།

         དེ་ནས་དེ་རིང་ང་ཚོས་མང་གཙོའི་འཕེལ་རིམ་དང་འབྲེལ་ནས་སྐད་ཆ་མང་པོ་ཞིག་བྱུང་བ་རེད། ད་ལྟ་བར་དུ་འོས་བསྡུའི་ལས་རིམ་དང་། ང་རང་ཚོ་ཚང་མས་མ་མཁྱེན་པ་དེ་འདྲ་ཡོད་པ་མ་རེད། བཙན་བྱོལ་ལ་ཐོན་མ་ཐག་ལོ་གཅིག་མ་འགོར་བའི་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ལུགས་ལ་ཕེབས་པའི་དགོངས་གཞི་རླབས་ཆེན་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ ༡༩༦༠།༩།༢ ཉིན་མོ་དེར་དམ་བཅའ་ཕུལ་ཐུབ་པ་བྱུང་བ། ད་ལྟའི་དུས་སུ་ཡང་ ༩།༢ ཉིན་ང་ཚོས་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་གནས་བབ་དེ་ལ་གཞི་བཅོལ་ཡོད་པ། ཐོག་མའི་ལོ་སུམ་ཅུའི་ཐོག་ལ་སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་ཚོད་བགམ་བརྒྱབ་ཐུབ་མེད་པའི་གནས་སྟངས། ང་ཚོས་འབད་བརྩོན་གནང་ཡོད་པ་རེད། སྐབས་དེའི་དུས་དེའི་གནས་སྟངས་ཤིག་གི་འོག་ལ་རྒན་རབས་ཚོས་དངོས་གནས་དྲང་གནས་སྐུ་ལས་མང་པོ་སྐྱོན་ཡོད་པ་རེད། ཡིན་ནའང་གནས་སྟངས་དང་རྐྱེན་མང་པོ་གོ་རྟོགས་ཡོད་མེད་ཀྱི་རྐྱེན་བྱས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཡོད་པ་ཇི་བཞིན་ང་ཚོས་ཏག་ཏག་ཅིག་འགྲོ་ཐུབ་ཡོད་པ་མ་རེད། གང་ལྟར་དེའི་རྗེས་སུ་སྤྱི་ལོ་ ༡༩༨༨།༨༩ ནང་ནས་༸གོང་ས་མཆོག་གིས་སྒྱུར་བཅོས་གནང་དགོས་པ་དེ་ཚོ་བཀའ་གནང་ནས་ ༡༩༩༠ ལོར་བཀའ་ཤག་དང་སྤྱི་འཐུས་གཉིས་ཀ་འདེམས་བསྐོ་གནང་རྒྱུ་དང་། ད་ལྟའི་བཀའ་ཤག་འཛུགས་རྒྱུ། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་འཛུགས་རྒྱུ་སོགས་པའི་གནས་སྟངས་དེ་འདྲ་བྱུང་ཡོད་པ་དང་། སྐབས་བཅུ་གཅིག་པའི་སྤྱི་འཐུས་ ༡༩༩༡ ལ་ཡར་ཕེབས་པའི་སྐབས་སུ་བཅའ་ཁྲིམས་གཏན་འབེབས་བྱེད་མཁན་གྱི་ Constitute assembly ངོ་བོའི་ཐོག་ནས་ཚོགས་ཡོད་པ་དང་། དེ་ནས་སྐབས་བཅུ་བཞི་པའི་བཀའ་ཤག་མུ་མཐུད་ནས་གནས་ཡོད་པ། སྐབས་དེའི་དུས་ནས། དེའི་སྔོན་གྱི་ཁྲིམས་དང་སྒྲིག་གཞི་ཡོད་པ་རེད། སྲུང་བརྩི་གནང་གི་ཡོད་པ་རེད། འགྲོ་ལུགས་འགྲོ་སྟངས་ཤིག་གི་འོག་ནས་འགྲོ་གི་ཡོད་པ་རེད། ཡིན་ནའང་རྒྱ་ཆེ་བ་ཞིག་ང་རང་ཚོ་བཙན་བྱོལ་གྱི་གནས་བབ་དང་མཐུན་པའི་འོག་ནས་བཅའ་ཁྲིམས་གཏན་ལ་ཕབ་པ་རེད། དུས་དེ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་པ་དང་། དེ་ནས་ཡང་ཕྱི་ལོ་ ༡༩༩༨ ཀྱི་གཡས་གཡོན་ལ་བཀའ་གནང་ནས། བཀའ་བློན་བསྐོ་འདེམས་བྱ་རྒྱུ་དང་། རྩ་བའི་ཆ་ནས་སྐབས་བཅུ་གཅིག་རང་ནས་བཀའ་བློན་གྱི་འོས་འདེམས་བྱེད་རྒྱུ་དེ་སྤྱི་འཐུས་རང་ནས་འགན་ཁུར་ཐུབ་པ་ཞིག་ལ་དགོངས་པ་བཞེས་པ་རེད་ཀྱང། སྐབས་དེ་དུས་སྤྱི་འཐུས་ཀྱི་རྒྱབ་སྐྱོར་གྱི་བརྒྱ་ཆ་དེ་ཧ་ཅང་ནས་ཚད་མཐོན་པོ་ཡིན་སྟབས་བཀའ་བློན་གཉིས་མ་གཏོགས་བདམས་མ་ཐུབ་པ་དང་། དེ་ནས་བརྒྱ་ཆའི་ཚད་མེད་པ་བཅས་བརྒྱུད་རིམ་དེ་འདྲ་བྱས་ནས་ཕྱིན་པ་རེད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་མཆོག་གིས་བཀའ་བློན་གྱི་འོས་མི་ཉིས་ལྡབ་ལས་མི་ཉུང་བ་བཏོན་གནང་ནས་སྤྱི་འཐུས་ལྷན་ཁང་ནང་ནས་འདེམས་རྒྱུའི་ལམ་དང་ལུགས་སྲོལ་དེ་འདྲ་བྱས་ནས་བྱུང་བ་རེད། བཀའ་བློན་གྱི་གྲངས་ཀ་དེ་བདུན་དང་བརྒྱད་ལ་སྤར་བ་རེད། དེ་ནས་ཕྱི་ལོ་ ༡༩༩༦ ཙམ་བྱུང་བ་རེད། དེ་ནས་ ༡༩༩༨།༩༩ ལ་བཀའ་ཕེབས་པའི་ཉེར་ལེན་ལ་བརྟེན་ནས་བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ་ཚོ་གདམ་རྒྱུའི་ཐོག་ལ་བཅའ་ཁྲིམས་བསྐྱར་བཅོས་བྱས། བཅའ་ཁྲིམས་བསྐྱར་བཅོས་བྱས་པའི་རྗེས་སུ་ཡང་བསྐྱར་བཀའ་ཕེབས་ནས་འགྱུར་བ་ཞིག་འགྲོ་ནི་འགྲོ་དགོས་པ་རེད། ང་མ་ཤི་བར་ལྷག་གི་མ་རེད་དཱ། ཉིན་མ་གཅིག་ལ་ང་ཤི་ཡི་རེད། དེ་འདྲ་ཡིན་པ་སོང་ཙང་བཀའ་བློན་ཁྲི་པ་གདམ་རྒྱུ་དེ་ཡང་མི་མང་གིས་ཐད་ཀར་འོས་འདེབས་བྱས་ནས་གདམ་པ་ཡིན་ན་གང་འདྲ་འདུག་ཅེས་སྐབས་ ༡༢ པའི་གྲོས་ཚོགས་ཀྱི་ཚོགས་ཐེངས་མཐའ་མ་དེ་ལ་བསྐྱར་བཅོས་བྱས་ནས། ང་ཚོ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་ལམ་སྲོལ་དེའི་ནང་ལ་བསླེབས་པ་རེད། དེ་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བའི་ལམ་སྲོལ་གྱི་བརྒྱུད་རིམ་དེའི་ནང་ལ་འགྲོ་བཞིན་པའི་སྐབས་སུ། ༢༠༡༠ ནས་བཟུང་བཀའ་སློབ་གནང་བ་རེད། ཚོགས་གཙོ་རང་ཉིད་ཀྱིས་སྐབས་དེར་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་ལས་གནང་སྟངས་དེ་ཚོ་ཐོག་མ་ནས་གྲ་སྒྲིག་གནང་བ་དང་། དེའི་སྔོན་ལ་ཚོགས་གཙོ་སྐུ་མདུན་ཕྱི་རྒྱལ་ཁག་ལ་ཆིབས་བསྒྱུར་བསྐྱངས་པའི་སྐབས་སུ་བཅར་བའི་ལམ་ལུགས་སྲོལ་ཡོད་པ་མ་རེེད། ༢༠༠༩།༡༠ ནས་སྐབས་དེའི་བཀའ་བློན་ཁྲི་པ་དང་ཚོགས་གཙོ་ཡིན་ནའང་། ཕྱི་རྒྱལ་ཁག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆིབས་བསྒྱུར་གནང་བའི་སྐབས་སུ་གསུང་ཆོས་དང་སྦྲགས་ནས་མི་མང་མང་པོ་ཞིག་འདུ་འཛོམས་ཡོང་གི་ཡོད་པ་སོང་ཙང་། སོ་སོའི་མི་མང་གིས་འོས་འདེམས་བྱས་པ་དེ། ཕྱི་མི་ཡིས་ངོས་ལེན་ཡོང་མིན་ལ་མ་ལྟོས་པར། ཐོག་མར་སོ་སོའི་མི་མང་ནང་ལ་ངོས་ལེན་དང་ཆེ་མཐོང་ཞིག་ཡོང་བའི་ཆེད་དུ་མང་ཚོགས་ལ་གཏམ་བཤད་གནང་རྒྱུའི་གོ་སྐབས་དེ་འདྲ་གནང་ཡོད་པ་རེད། དེ་ནས་རིམ་པས་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་འགྱུར་བ་ཞིག་བཏང་ནས། སྤྱི་འཐུས་སྐབས་ ༡༤ པའི་མཐའ་མཇུག་ཙམ་ལ་གྲོས་ཚོགས་ནང་ལ་བཀའ་ཕེབས་ཡོད་པ་རེད། བཀའ་ཕེབས་པ་བཞིན་ང་ཚོས་དམིགས་བསལ་ཚོགས་ཆེན་ཞིག་ཚོགས། དམིགས་བསལ་ཚོགས་ཆེན་གྱི་རྗེས་སུ་དམིགས་བསལ་གྱི་གྲོས་ཚོགས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་བྱ་དགོས་རྣམས་ཞུས་པ་རེད། ༢༠༡༡།༥།༢༩ ཞོགས་པ་ཆུ་ཚོད་ ༨།༣༠ ཙམ་ལ་དེའི་སྐབས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་བཀའ་བློན་ཁྲི་པ་ཡར་བཅར་ནས་བཅའ་ཁྲིམས་བསྐྱར་བཅོས་དེ་རྣམས་ལ་༸རྒྱལ་བ་རིན་པོ་ཆེས་མཚན་རྟགས་བསྩལ་རྒྱུའི་མཐའ་མ་ཡིན་པ་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་པ་དེ་འདྲ་བྱས་ནས་ཆགས་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་དབང་ཆ་རྩིས་སྤྲོད་གནང་བའི་རྗེས་སུ་བཀའ་བློན་ཁྲི་པ་དེ། དེའི་སྐབས་སུ་མུ་མཐུད་ནས་གནས་མཁན་གྱི་བཀའ་བློན་ཁྲི་པ་ཟམ་མདོང་རིན་པོ་ཆེ་ཆགས་པ་རེད། དེ་ནས་འོས་བསྡུའི་ལས་རིམ་གྲུབ་ནས་ཕྱི་ཟླ་ ༨ པའི་ཚེས་ ༨ ནས་བཟུང་ད་ལྟའི་སྲིད་སྐྱོང་། དེའི་སྔོན་ལ་བཀའ་བློན་ཁྲི་པའི་མཚན་ཐོག་ཡོད་པའི་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་དང་། བཅའ་ཁྲིམས་དོན་ཚན་བཅུ་དགུ་བསྐྱར་བཅོས་སོང་བ་དེ་འཛིན་སྐྱོང་གཅིག་པུ་མ་ཡིན་པར་ཁྲིམས་ལུགས་དབང་འཛིན་གྱི་མཛད་གཙོ་རྣམ་པ་རེད། གྲོས་ཚོགས་ལ་འགན་ཁྱབ་བསྒྱུར་བྱས་ནས་འགྲོ་སྟངས་ཤིག་ལ་བསླེབས་ནས་རྫོགས་ལ་ཉེ་བ་ཞིག་ཆགས་ཡོད་རེད།

_DSC1243
གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་མཐའ་མའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད་སྐབས།

འདས་པའི་ཟླ་བ་གཉིས་གསུམ་གྱི་ནང་ལ་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་ལས་རིམ་དེ་ཚ་ཚ་འུར་འུར་ཞིག་གི་སྒང་ལ་སོང་བ་རེད། བརྒྱུད་རིམ་དེའི་ཐོག་ནས་འོས་མི་སོ་སོ་དང་འོས་མི་སོ་སོར་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་འདྲ། དེ་རིང་ངས་འོས་མི་ཞིག་གི་ངོ་བོའི་ཐོག་ནས་ཞུ་གི་མེད། སྤྱི་འཐུས་ཚོགས་གཙོ་རང་གི་ངོ་བོའི་ཐོག་ནས་ཞུ་གི་ཡོད། གང་ལྟར་མང་ཚོགས་ནང་གླེང་སློང་མང་པོ་ཞིག་བྱུང་བ་དང་། དངོས་ཡོད་ཀྱི་གནས་སྟངས་མ་ཡིན་པའི་ཐོག་ནས་གཞི་མེད་སྐྱོན་བརྗོད་མང་པོ་བྱེད་པ། དེ་འདྲའི་གནས་ཚུལ་མང་དག་ཅིག་བྱུང་བ་རེད། དེའི་ཆུ་འགོ་གང་ནས་བཙུགས་པ་ཡིན་མིན་ང་ཚོས་ཉམས་ཞིབ་བྱས་པ་ཡིན་ན་མཁྱེན་གྱི་རེད། ད་ལྟ་ང་ཚོ་ཚང་མ་སྐུ་འཚོ་བཞུགས་རེད། ལས་རིམ་འདིར་རྒྱུས་མངའ་ཆ་ཚང་ཡོད་མཁན་ཤ་སྟག་རེད། དེར་མ་ཤེས་པ་གང་ཡང་ཡོད་མ་རེད། ཚོགས་གཙོའི་ངོས་ནས་ཞུ་དགོས་པའི་གནས་སྟངས་གང་ཡང་མཐོང་གི་མི་འདུག དེའི་ཐོག་ནས་ཉམས་ཞིབ་ཚད་ལྡན་ཞིག་བྱས་པ་ཡིན་ནའང་ཆོག་པ་ཞིག་རེད། འོས་བསྡུའི་ལས་རིམ་དེའི་ཐོག་ནས་མང་པོ་ཞིག་ལ་སེམས་འཚབ་བྱུང་ཡོད་རེད། དེའི་ནང་ལ་བཟང་སྤྱོད་དང་འབྲེལ་བའི་སྐད་ཆ་ཡང་མང་པོ་བྱུང་ཡོད་རེད་ལ། བཟང་སྤྱོད་ཀྱི་གནས་བབ་དེ་དག་གང་འདྲ་ཞིག་ཆགས་སོང་ངམ། སྐབས་ག་དུས་ཆགས་སོང་ངམ། སུས་བྱས་སོང་ངམ། ང་ཚོ་ཚང་མས་ཆ་རྒྱུས་ཡོད་རེད། ཕན་ཚུན་ཕར་ཚུར་མཛུབ་མོ་བཙུགས་ན་དམིགས་བསལ་གྱིས་ཕན་ཐོགས་རྒྱུ་གང་ཡང་ཡོད་པ་མ་རེད། སྔོན་མ་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་ཀྱི་སྐབས་སུ་ཡིན་ནའང་། གྲོས་ཚོགས་འདིའི་ནང་ནས་སྐྱོན་བརྗོད་བྱེད་མཁན་ཞིག་བྱུང་བ་རེད། གཅིག་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་ཚོགས་འདུག གཅིག་བྱས་འདུག གཉིས་བྱས་འདུག་ཅེས་པ་དང་། ཚོགས་རྒྱུ་དེ་དག་གི་ཁག་ཅིག་མངོན་གསལ་དོད་པོ་ཞིག་ཡོད་རེད། ཁག་ཅིག་མངོན་གསལ་དོད་པོ་ཡོད་མ་རེད། དེའི་སྐབས་དེར་ཞུ་རྒྱུ་བྱུང་། མང་གཙོའི་ལམ་ལུགས་ཐོག་སུས་སུ་ལ་རྒྱབ་སྐྱོར་བྱས་པ་ཡིན་ནའང་འདུ་འཛོམས་བྱེད་པའི་ཐོབ་ཐང་ཡོད་རེད། གྲོས་ཚོགས་འདིའི་ནང་གསལ་པོ་ཞུས་པ་ཡིན། ཐོབ་ཚར་བའི་རྗེས་ལ་ཚང་མས་ཕྱོགས་ལྷུང་མེད་པར་ནུས་པ་ཕྱོགས་གཅིག་ཏུ་སྤུངས་དགོས་པ་དེ་མང་གཙོའི་འགྲོ་ལུགས་རེད་ཅེས་ཞུས་ཡོད། ད་ལྟའི་དུས་ཚོད་ཡིན་ན། ང་ཚོས་འོས་འཕེན་ཟིན་པ་རེད། གཞུང་འབྲེལ་གྱི་གསལ་བསྒྲགས་བྱ་རྒྱུ་ལྷག་ཡོད་རེད་མ་གཏོགས་གྲུབ་འབྲས་ཀྱང་གང་འཚམ་ཞིག་སྤྱི་ཚོགས་ནང་གསལ་པོ་ཆགས་ཡོད་རེད། དེར་བརྟེན་ང་ཚོས་ད་ལྟ་འབད་བརྩོན་ག་རེ་བྱེད་དགོས་ཀྱི་འདུག་ཅེ་ན། གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་ཚར་བའི་རྗེས་ལ། འོས་བསྡུའི་ང་ཚོའི་སྤྱི་ཚོགས་ཟ་ཟིང་གྱུར་པ་འདིའི་ཁྲོད་ནས་ཐར་ནས། ཚང་མས་ནུས་པ་མཉམ་སྤུངས་ཀྱིས་འབད་རྩོན་བྱེད་དགོས་ཀྱི་རེད་མ་གཏོགས། དེ་མ་བྱས་པ་ཡིན་ན་ང་ཚོའི་དགྲ་བོའམ་ཁ་གཏད་རྒྱ་ནག་ལྟ་བུ་ཞིག་ཡོད་དགོས་པ་ཞིག་ཡོད་མ་རེད། ང་ཚོ་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཡོད་པའི་ནང་དུ་ནུས་པ་ཏོག་ཙམ་ཡོད་པ་དེ་ཕར་ཚུར་རྩོད་ནས་བསྡད་པ་ཡིན་ན། ང་ཚོའི་གནས་བབ་གང་འདྲ་ཞིག་ལ་བསླེབས་ཀྱི་རེད་དམ། དེ་སུ་ལ་དགོས་རྒྱུ་ཞིག་ཆགས་ཀྱི་རེད་དམ། ཁེ་ཕན་སུ་ལ་རག་གི་ཡོད་རེད། དེ་ང་ཚོ་བོད་མི་ཡིན་ནོ་ཅོག་གིས་བསམ་བློ་གཏོང་དགོས་པའི་གནས་སྟངས་ཤིག་རེད། སུས་སུ་ལ་རྒྱབ་སྐྱོར་བྱས་ཞེས་པ་དེའི་སྒྲུང་རྫོགས་པ་རེད། སྒྲུང་དེ་རྫོགས་ཚར་བའི་རྗེས་ལ་བསམ་བློ་གསར་པ་ཞིག་བཏང་། ནུས་པ་གསར་པ་ཞིག་མཉམ་སྤུངས་བྱས་ནས་འགན་ཁུར་མཁན་སུ་ཡིན་ནའང་དེ་ལ་ནུས་པ་ཕྱོགས་གཅིག་ཏུ་སྒྲིལ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ད་ལྟའི་ང་ཚོའི་གྲོས་ཚོགས་འདིའི་ནང་དུའང་བཀའ་མོལ་མང་པོ་ཞིག་བྱུང་བ་རེད་ཀྱང་། ང་ཚོའི་མང་གཙོའི་འགྲོ་ལུགས་འདིར་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོ་ཡིན་ཞེས་ང་ཚོ་ཚང་མས་འགྲེལ་བཤད་རྒྱག་གི་ཡོད་རེད། ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་འགྲོ་ལུགས་འདིའི་འོག་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་འོས་འགན་ཤུགས་ཆེན་ཞིག་འཁུར་ཡོད་རེད། དེ་སྔོན་དང་ད་ལྟ་ཡང་ཁུར་ཡོད་རེད། གཞུང་འབྲེལ་མིན་པའི་ཚོགས་པ་སོ་སོས་འོས་མི་གཅིག་དང་གཉིས་བཏོན་པ་བྱུང་ཡོད་རེད། དེ་ཁོ་རང་འགྲོ་ལུགས་འགྲོ་སྟངས་ཤིག་རེད། ད་ལྟའི་འོས་བསྡུའི་ལས་རིམ་འདིའི་ནང་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་རྒྱབ་སྐྱོར་བྱེད་སྟངས་ཀྱི་གནས་བབ་ཀྱི་འོག་ནས་ཆོལ་ཁའི་ཕྱོགས་ལྷུང་ཆགས་པ་དང་། དེ་འདྲའི་གནས་བབ་ཡོང་བ་རེད། མ་འོངས་པར་དེ་འདྲ་ཞིག་དགོས་ཀྱི་མེད་ན་ང་ཚོས་སྒྲོམ་གཞི་སྤྱིར་བསམ་བློ་གཏང་དགོས་པའི་གནས་བབ་ཞིག་རེད། ད་ལྟ་ལང་སྡོད་མཁན་གྱི་ཚོགས་གཙོ་འདི་ཟླ་བ་གཉིས་གསུམ་གྱི་རྗེས་སུ་འཁྱུར་འགྲོ་མཁན་ཞིག་རེད། མ་འོངས་པར་སྲིད་སྐྱོང་དང་བཀའ་བློན་གྱི་ནང་ལ་ཕེབས་མཁན་དང་། ད་ཡོད་སྤྱི་འཐུས་དང་མ་འོངས་པར་གསར་པ་ཡོང་མཁན་ཁོང་རྣམ་པ་ཚོའི་འགན་ཆགས་ཀྱི་ཡོད་རེད། དེ་འདྲ་ཞིག་མི་ཡོང་བའི་ཆེད་དུ་སྒྲོམ་གཞིར་འགྱུར་བ་གང་འདྲ་ཞིག་གཏང་དགོས་ཀྱི་འདུག ད་ལྟའི་གནས་བབ་འདི་ཡང་ཏོག་ཙམ་མི་འདྲ་བ་ཞིག་རེད་སྙམ་གྱི་་ཡོད། མ་འོངས་པར་གནས་སྟངས་གཅིག་པ་གཅིག་རྐྱང་ཡོང་གི་རེད་ཅེས་ཞུ་རྒྱུ་ཁག་པོ་རེད། གནས་སྟངས་ལ་དཔག་པའི་འགྲོ་ལུགས་འགྲོ་སྟངས་དང་སྒྲོམ་གཞིར་དགོངས་པ་རྒྱ་ཆེན་པོ་བཞེས་ནས། སྦུག་སུ་དོག་པོ་མ་བྱས་པའི་ཐོག་ནས་འགྱུར་བ་གཏོང་དགོས་པ་དེ་དག་གཏོང་དགོས་ངེས་ཅན་ཡིན་ན་ན་ངེས་པར་དུ་གཏང་དགོས་རེད། གྲོས་བསྡུར་གནང་དགོས་པ་རེད། ཚོགས་གཙོ་བྱས་ནས་ལོ་བདུན་འགྲོ་ཡི་ཡོད་རེད། ཡིན་ནའང་ད་ལྟའི་བར་གྱི་ཉམས་མྱོང་ལ་བལྟས་པ་ཡིན་ན་འགྱུར་བ་དེར་འདྲ་ཞིག་འགྲོ་རྒྱུ་དེ་ཁག་པོ་མིན་ནམ་སྙམ་པ་ཞིག་དང་། དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འགན་བཞེས་ནས་ང་ཚོར་བཀའ་སློབ་ལམ་སྟོན་གནང་གིན་གནང་གིན། ཕྲུ་གུ་ཆུང་ཆུང་བཞིན་ལག་གཉིས་ནས་འཇུས་ཏེ་འཁྲིད་དེ། སྔོན་མ་གསུངས་སོང་བ། ལོ་དྲུག་ཅུའི་རིང་ལ་ངས་གཡས་སྐྱོར་གཡོན་སྐྱོར་བྱས་ནས་ཕྱིན་པ་ཡིན་ད། ང་ཚོའི་མི་རབས་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་དྲུག་ཅུའི་རིང་སྐུ་ངལ་སྐྱོན་པ་དེ་གཏོར་བཤིག་གཏོང་མཁན་ཞིག་ཆགས་པ་ཡིན་ན། ང་ཚོ་ལས་ནག་ཉེེས་ཆེ་བའི་མི་རབས་ཤིག་ཡོང་རྒྱུ་མེད་པ་དེ་གསལ་པོ་རེད། ད་ལྟ་ང་ཚོ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་རུ་བགྲེས་རུ་ཕེབས་པའི་གནས་སྟངས་ཤིག་གི་འོག་ནས་ང་ཚོ་ཚང་མས་གང་ཐུབ་སྤྱི་ཐུབ་ཀྱིས་འཆམ་པོ་བྱས་ནས། མཉམ་རུབ་ཀྱི་ནུས་པ་ཕྱོགས་གཅིག་ཏུ་སྤུངས་དགོས་པ་དེ་ཧ་ཅང་གི་གལ་ཆེན་ནང་གི་དོན་ཆེན་ཞིག་ཆགས་ཡོད་པ་རེད། ཐོན་འགྲོ་མཁན་གྱི་ཚོགས་གཙོ་ཞིག་རེད་ཀྱང་། ཉམས་མྱོང་དེར་བལྟས་འོང་དུས་དེ་འདྲ་ཞིག་བྱེད་རོགས། སུའི་རྒྱབ་སྐྱོར་བ་ཡིན་ནའང་དེ་རིང་ནས་བཟུང་ཕར་ཚུར་རྩ་བ་ནས་ཚིག་ངན་དེ་དག་བཤད་རེས་མེད་པ་ནུས་པ་མཉམ་སྤུངས་བྱེད་རོགས་གྱིས་ཞེས་སྡིངས་ཆ་འདི་བརྒྱུད་ནས་ཞུ་འདོད་བྱུང་། ལྷག་ཏུ་ཁ་སྔོན་ངས་གྲོས་ཚོགས་ཀྱི་ནང་དུ་ཞུས་ཟིན་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་བརྟག་དཔྱད་དང་སྨན་བཅོས་ཀྱི་རྗེས་སུ་ཚུར་འཁོར་བའི་སྐབས་སུ་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་ངེད་གཉིས་ཀའི་ལག་ནས་སྐུ་མདུན་གྱི་ཕྱག་གིས་འཇུས་ཏེ་ཁྱེད་རང་གཉིས་ཀར་བོད་མི་ཚོ་གཅིག་སྒྲིལ་བྱ་རྒྱུའི་འགན་དེ་ཡོད་རེད་དཱ་ཞེས་བཀའ་གནང་བ་རེད། དེ་གཞིར་བཟུང་གིས་ད་གིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་ཀྱི་ཐོག་ལ་དམ་བཅའ་དམ་བཅའ་ཟེར་བའི་ཚིག་དེ་བེད་སྤྱོད་བཏང་གནང་ཡོད་རུང་མེད་རུང་གང་ལྟར་འགན་འཁུར་རྒྱུ་ནུས་པ་སྤུངས་རྒྱུར་དགོངས་པ་ཡོད་པ་དང་། ད་ལྟ་འདིར་ལང་མཁན་གྱི་ཚོགས་གཙོ་ཡིན་ནའང་དེའི་ཐོག་ལ་མ་འོངས་པར་སོ་སོར་ལས་གནས་ཡོད་མེད་ལ་མ་ལྟོས་པར་འགན་ག་རེ་ཁུར་དགོས་ཀྱི་ཡོད་ནའང་ཆ་ཚང་བ་ཞིག་འཁུར་རྒྱུ་ཡིན་ཞེས་དེ་ཞུ་བཞིན་ཡོད། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་མང་ཚོགས་ལ་འགྲེལ་བཤད་རྒྱག་པའི་སྐབས་སུ་དེའི་འགན་དེ་ཁུར་རོགས་གྱིས་ཞེས་ཞུ་འདོད་བྱུང་།

         དེ་ནས་གྲོས་ཚོགས་འདིའི་ནང་ལ་བཀའ་མོལ་ཞིག་ནི། བཀའ་ཤག་གི་ཆེ་མཐོང་སྐོར་ལ་ཕེབས་པ་རེད། དེ་བཞིན་གྲོས་ཚོགས་ཀྱི་ཆེ་མཐོང་ཡིན་ནའང་དགོས་ཀྱི་ཡོད་རེད། བཀའ་ཤག་གི་ཆེ་མཐོང་ཉར་ཐུབ་དང་མ་ཐུབ་དེ་གཙོ་བོ་སྲིད་སྐྱོང་གིས་དབུས་པའི་བཀའ་ཤག་གིས་ཕྱག་ལས་གནང་སྟངས་ལ་རག་ལས་ཡོད་རེད། མང་ཚོགས་ལ་འབྲེལ་བ་བཞག་སྟངས་ལ་རག་ལས་ཡོད་རེད། དེར་བརྟེན་ངས་དེ་སྔོན་ཞུས་མྱོང་། གྲོས་ཚོགས་འདིའི་ནང་བཀའ་ཤག་གི་ཕྱག་ལས་ཡག་པོ་གནང་བ་དེ་དག་ལ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་བསྟོད་བསྔགས་ཡག་པོ་བྱས་ཡོད་རེད། གནང་དགོས་པ་ཞིག་རེད། ཚང་མ་མི་རེད། ཕྱག་ལས་ཡག་པོ་གནང་ཡོད་ན་གནང་འདུག་ཅེས་བསྟོད་ར་བྱེད་རྒྱུ་གལ་ཆེན་པོ་རེད། སྐབས་ཤིག་ལ་གྲོས་ཚོགས་འདིའི་ནང་བཀའ་ཤག་ལ་བསྟོད་བསྔགས་བྱས་པ་ཡིན་ན། སྤྲེལ་ལད་འཁྲབ་མཁན་རེད་ཅེས་པའི་གནས་སྟངས་དེ་འདྲ་ཆགས་པ་རེད། ད་ལྟའི་དུས་སུ་བསྟོད་བསྔགས་བྱེད་མཁན་ཚོས་ཁ་ཞེ་གཉིས་མེད་ཐོག་ནས་བསྟོད་བསྔགས་བྱས། མ་འགྲིག་པ་ཡིན་ནའང་འགྲིག་གི་མི་འདུག་ཅེས་ཞུ་མཁན་དེ་སྤྱི་འཐུས་རྣམ་པ་ཚོས་ཞུ་དགོས་རེད་མ་གཏོགས་གཞན་སུ་གཅིག་གིས་ཞུ་མཁན་རག་རྒྱུ་ཁག་པོ་རེད། མང་ཚོགས་ནས་སྙན་ཞུ་དེ་འདྲ་རྒྱག་སྲིད་པ་རེད་ཀྱང་། དེ་དག་ལ་ང་ཚོས་བདག་པོ་ག་ཚོད་རྒྱག་ཐུབ་ཀྱི་ཡོད་རེད་དམ་མ་རེད། མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ང་ཚོའི་ར་བ་འདིའི་ནང་ཡོད་རེད། མི་མང་གི་སྐུ་ཚབ་ཚད་ལྡན་ཞིག་མཚོན་ཐུབ་པ་བྱ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། འདིའི་ནང་ནས་ཕྱོགས་རིས་ཀྱི་གནས་སྟངས་དེ་འདྲ་ཡོང་བ་ཡིན་ན། དེ་ཡང་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད།

         བཀའ་ཤག་གི་ཆེ་མཐོང་གནས་པར་བཀའ་ཤག་གིས་གྲོས་ཚོགས་ལ་འགན་ཁུར་རྒྱུ་དེ་ཚད་དང་ལྡན་པ་ཞིག་དང་། གནས་ཚུལ་ག་རེ་གསུངས་པ་ཡིན་ནའང་ཆ་ཚང་བ་ཞིག་དང་མགོ་མཇུག་ཡོད་པ་ཞིག་གསུང་དགོས་པ་དེ་གལ་ཆེན་ཞིག་རེད། སོ་སོའི་དུས་ཚོད་སྐབས་མིན་པའི་གནས་ཚུལ་ཞིག་ཡིན་ནའང་གྲོས་ཚོགས་འདིའི་ནང་ལ་གསལ་བཤད་དགོས་ཀྱི་འདུག་ཅེ་ཞུ་བའི་སྐབས་སུ། དེའི་བརྒྱུད་རིམ་ཆ་ཚང་ཞིག་རྟོགས་པ་བྱས་ནས། གནད་དོན་གང་འདྲ་ཞི་ཡིན་རུང་ཡིག་ཆ་གཅིག་རང་གིས་ཁུངས་སྐྱེལ་ཐུབ་རྒྱུ་ཁག་པོ་རེད། དེའི་བརྒྱུད་རིམ་ཆ་ཚང་ཞིག་མར་གསུངས་པ་ཡིན་ན། གསན་མཁན་ཚོ་ཡིན་ཡང་འགྲོ་ལུགས་འགྲོ་སྟངས་ཤིག་གི་ཐོག་ནས་གནས་ཚུལ་ཆ་ཚང་བ་ཤེས་པའི་ཐོག་ནས་གྲོས་ཚོགས་འདིའི་ནང་འགན་ཁུར་ནས་སྐད་ཆ་བཤད་རྒྱུ་ཡོང་གི་རེད། ལྷག་པར་དུ་མང་ཚོགས་ནང་ལོགས་ལ་གསལ་བཤད་བྱེད་དགོས་པའི་གནས་བབ་དེ་ཚོ་དེ་ལྟར་ཆགས་ཀྱི་རེད་མ་གཏོགས། གནས་ཚུལ་ཆ་ཚང་བ་ཞིག་མ་ཤེས་པ་ཡིན་ན། མང་ཚོགས་ལ་གསལ་བཤད་བྱེད་དགོས་རྒྱུ་དང་མང་ཚོགས་ནང་ལོགས་སུ་གནས་ཚུལ་མུ་མཐུད་ནས་ལྷག་དང་མི་ལྷག་ཟེར་བ་དེ་ཚོ་གནད་ཚུལ་གསལ་པོ་བཟོས་དང་མ་བཟོ་ལ་རག་ལས་ཀྱི་ཡོད་རེད། མ་འོངས་པར་སོ་སོའི་ངོས་ནས་ངོས་འཛིན་ཞུ་རྒྱུ་དེ་ང་ཚོས་འདིར་གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བར་བརྩི་དགོས་ཀྱི་རེད་མ་གཏོགས། སྒྲིག་འཛུགས་ལས་གང་ཟག་གལ་ཆེ་བ་ཆགས་པ་ཡིན་ན། ང་ཚོ་ཉེན་ཁའི་མཚམས་ཤིག་ལ་སླེབས་ཀྱི་ཡོད་རེད། དེ་ཡིན་པ་སོང་ཙང་། དེར་ངེས་པར་དུ་ཐུགས་སྣང་གནང་དགོས་ཀྱི་འདུག

         སྤྱི་ནོར་༸་གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཟླ་ ༣ པའི་ཚེས་ ༢༣ ཉིན་མོ་དེར་བཀའ་བཀྱོན་ཟེར་ནའང་རེད། དེའི་ཐོག་ལ་སོ་སོ་སོ་སོའི་ལྟ་སྟངས་མི་འདྲ་བ་མང་པོ་ཞིག་གྲོས་ཚོགས་ནང་ལ་བྱུང་བ་རེད། དེ་ཚོའི་ཐོག་ལ་ཡིན་ཡང་། བསམ་བློ་ནན་ཏན་ཞིག་བཏང་ནས་ཞིབ་ཚགས་པོའི་ངང་གོ་བསྡུར་གནང་སྟེ། བཀའ་སློབ་དེ་ཕེབས་དགོས་དོན་གང་རེད་དམ། གང་འདྲ་བྱས་ནས་ཆགས་ཀྱི་ཡོད་རེད། དེ་ཚོའི་གནང་ནས་མ་འོངས་པར། སྲིད་སྐྱོང་གིས་གྲོས་ཚོགས་ནང་ལ་གསལ་བཤད་གནང་བ་བཞིན་རེད། གང་ལྟར་འཆར་གཞི་བང་བསྒྲིགས་ནས་སྐུ་མདུན་གྱི་དགོངས་པ་མ་དྭངས་ཀྱི་བར་དུ་དེ་དག་གི་དོན་དག་ཚང་མ་བསྒྲུབ་རྒྱུ་ཡིན་ཞེས་དང་། དེ་རིང་གསལ་བཤད་ནང་ལའང་ད་ལྟ་བར་དུ་༸རྒྱལ་དབང་རིན་པོ་ཆེ་ཡི་དགོངས་པར་ག་རེ་ཡོད་པ་དེ་དག་ཆ་ཚང་ཞིག་བསྒྱུར་ཡོད་ཅེས་གསུངས་པ་རེད། དེ་ཆ་ཚང་བ་ཞིག་སྒྲུབ་ཡོད་མེད་ཐོག་ཞུ་ཐུབ་རྒྱུ་ཁག་པོ་རེད་ཀྱང་། འབད་བརྩོན་གནང་ཡོད་པའི་གནས་སྟངས་ཤིག་ད་རེས་གྲོས་ཚོགས་འདིའི་ནང་སྙན་གསན་བྱུང་བ་རེད། དེ་ཡིན་དུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེ་ཚོ་ཡིན་ཡང་། ང་ཚོས་ཡར་འཐེན་མར་འཐེན་སོ་སོ་ཡི་བློ་ལ་བབས་ཀྱི་འདུག་ན་དེ་ལ་འགྲེལ་བཤད་ཅིག་བརྒྱབ། བློ་ལ་མ་བབས་ན་འགྲེལ་བཤད་གཞན་པ་ཞིག་བརྒྱབ། དེ་འདྲ་བྱས་བསྡད་པ་ཡིན་ན། ཏག་ཏག་སྡོད་ཀྱི་ཡོད་མ་རེད། ང་ཚོ་ཚང་མ་ཡ་གིར་དངོས་སུ་ཡོད་པཱ། འགའ་ཤས་ཀྱིས་ཐེངས་མ་གཉིས་གསུམ་དེ་འདྲ་གསན་ཡོད་ས་རེད། དེ་ཚོ་ཡག་པོ་རེད། དེ་ཚོའི་གྲལ་གྱི་བཀའ་སློབ་དེ་གང་འདྲ་བྱས་ནས་གནང་སོང་ངམ། བབ་ས་དེ་གང་འདྲ་ཞིག་ལ་བབས་ཀྱི་འདུག་གམ། དེ་རིང་ནང་བཞིན་གྱི་ཚིག་དེ་འདྲ་མང་པོ་ཞིག་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བེད་སྤྱོད་བཏང་གནང་བ་དེ་ཚོ་ང་འདྲ་པོ་ཞིག་ཡིན་ན་ཐེངས་མ་དང་པོའི་བཟོ་འདྲ་ཞིག་གོ་བསྡད་ཀྱི་ཡོད། ཚིག་དེ་ཚོ་ག་རེ་བྱས་ནས་བེད་སྤྱོད་གནང་གི་ཡོད་རེད། དེ་ཚོ་ཚང་མ་དོན་རྟོགས་པའི་ཐོག་ནས་མ་འོངས་པར་ང་ཚོས་གང་འདྲ་ཞིག་བྱེེད་དགོས་ཀྱི་ཡོད་མེད་ཀྱི་ཐོག་ལ་དགོངས་པ་བཞེས་རྒྱུ་རེད། དེ་སོང་ཙང་། གྲོས་ཚོགས་ངོས་ནས་ཡིན་ཡང་། ཚོགས་གཙོ་ཚོགས་གཞོན་གྱི་དམ་བཅའ་དེ་ག་དུས་ཡིན་ཡང་། གྲོས་ཚོགས་ཀྱི་ཆེ་མཐོང་ཡར་འཕར་རྒྱུའི་ཆེད་དུ་ཞུ་བསྡད་ཀྱི་ཡོད་རེེད། འདིའི་ནང་བཀའ་མོལ་གནང་བའི་སྐབས་ལ་གོ་སྐབས་མ་རག་ན་མ་གཏོགས་སོ་སོའི་འདོད་ཕྱོགས་དེ་དགོངས་ཚུལ་དེ་ངེས་པར་དུ་ཨུ་ཚུགས་བརྒྱབས་ནས་འདིའི་ནང་ལ་གསུང་དགོས་ཀྱི་ཡོད་པ་དང་། སྐབས་རེ་ཚོགས་གཙོས་ཡི་འདི་ལྟར་ཉན་སྐབས་སེམས་ནང་ལ་མ་བདེ་བ་ཞེ་དྲག་ཞིག་དང་། སྐུ་མདུན་གྱི་དགོངས་པ་ལ་ཟུར་ཟ་བྱེད་ཀྱི་ཡོད་པའི་བཟོ་འདྲ་ཡོད་པའི་རྣམ་པ་དེ་འདྲ་ཐོན་ཡོང་གི་འདུག དེ་ཚོའི་གྲལ་དེ་རྩ་བའི་སོ་སོ་ཡི་འདོད་ཕྱོགས་གསུངས་མ་ཆོག་པར་གང་ཡང་མ་རེད། ཡིན་ཡང་། གསུང་བའི་སྐབས་སུ་གསུང་སྟངས་དེ་གང་འདྲ་བྱས་གསུང་དགོས་ཀྱི་འདུག དེ་ཚོ་ལ་དགོངས་པ་ཡག་པོ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེའི་སྒང་ལ་གྲོས་ཚོགས་ར་བ་འདིའི་ནང་ཐག་གཅོད་ཐུབ་རྒྱུ་མེད་པའི་གནས་སྟངས་མང་པོ་འདིའི་ནང་ལ་བསྣམས་ཕེབས། མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་སྒྲིག་འཛུགས་མ་འདྲ་བ་ཆེད་མངགས་བཟོས་བཞག་ཡོད་རེད། སྒྲིག་འཛུགས་སོ་སོ་ཡི་ལས་འགན་ཡོད་རེད། དེ་ཚོ་བརྒྱུད་ནས་བྱེད་ཐབས་ཡོད་པ་གང་ཞིག་ལ་གྲོས་ཚོགས་འདིའི་ནང་ལ་བསྣམས་ཕེབས་དུས། གྲོས་ཚོགས་འདི་ནས་ཐག་ཆོད་རྒྱུ་མེད་པ་དང་། ད་དུང་གནས་དོན་ག་རེ་ཡིན་ཡང་དེའི་སྒང་ལ་བསམ་ཚུལ་མང་བ་ཆགས་རྒྱུའི་གནས་སྟངས་ཤིག་མ་གཏོགས། ཞི་འཇགས་ཡོང་རྒྱུ་དང་གནས་ཚུལ་མེད་པ་བཟོ་རྒྱུ་ཡི་གནས་སྟངས་དེ་ཡོང་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་ཡི་གནས་སྟངས་རེད། དེ་འདྲ་ཡིན་པ་སོང་ཙང་། གཅིག་སྒྲིལ་ཐོག་ལ་བཀའ་མོལ་མང་པོ་ཞིག་བྱུང་བ་རེད། གཅིག་སྒྲིལ་མེད་པ་སུ་ཡིས་བཟོ་གི་འདུག དང་པོ་སྤྱི་ཚོགས་ནང་གླེང་སློང་གང་འདྲ་ཞིག་སླེབས་ཡོང་གི་འདུག་གམ། མང་ཚོགས་ནང་དེ་ལ་བརྡ་ལན་གང་འདྲ་ཞིག་འཕྲོད་ཀྱི་འདུག་གམ། འགོ་འཛུགས་མཁན་ཤིག་མེད་པར་མཇུག་ལ་ཡོང་རྒྱུ་ཡོད་མ་རེད། འགོ་འཛུགས་མཁན་དེ་སུས་འཛུགས་ཀྱི་འདུག་གམ། གང་འདྲ་ཞིག་ཆགས་ཀྱི་འདུག་གམ། དེ་ཚོར་ང་ཚོས་རྟོག་ཞིབ་ཡག་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག གང་ལྟར་དོན་ལ་ཕབ་པ་ཡིན་ན། ང་རང་ཚོ་ཚང་མས་བོད་ཕྱི་ནང་གཉིས་ལ་གཅིག་སྒྲིལ་གྱི་ནུས་པ་སྤུང་དགོས་པ་དེ་སོ་སོ་སོ་སོས་བསམ་བློ་བཏང་། འགྲིག་མི་འགྲིག་གི་གནས་ཚུལ་བྱུང་སྐབས་སོ་སོས་སོ་སོ་ལ་དྲི་བ་བཏང་། མཐའ་མ་སོ་སོ་ཤི་བའི་སྐབས་ལ་སོ་སོ་ཡིས་ལན་རྒྱག་དགོས་ཀྱི་རེད་མ་གཏོགས། གཞན་ཞིག་ནས་ལན་རྒྱག་མཁན་ཞིག་ཡོང་གི་མ་རེད། ཁ་སང་སྲིད་སྐྱོང་གིས་གསུངས་པ་རེད། ང་རང་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་སོང་ནས་སོ་སོས་གང་བསམ་པ་དང་། སོ་སོས་གང་བཤད་པ་དེ་བདེན་པ་ཡིན་པ་རང་ལ་ངོས་འཛིན་བྱས་ནས་འགྲོ་བསྡད་པ་ཡིན་ན། དེ་ནས་སྣང་བ་དག སྣང་བ་དག་ནས་སོ་སོ་ཡི་སྐྱོན་དེ་སོ་སོ་ཡིས་བཙལ་མི་ཐུབ་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད་རེད། ཚོགས་གཙོ་བརྩིས་པས་ཟེར་གྱི་ཡོད།  ངས་དེ་ཞུ་བསྡད་ཀྱི་ཡོད། མ་འོངས་པར་དེ་འདྲ་མི་ཡོང་བ་ཞིག་གི་སྒང་ལ་འབད་བརྩོན་གནང་རོགས་གནང་ཟེར་ནས་དེ་རིང་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱི་མཐོང་སྣང་དང་ཚོར་སྣང་ག་རེ་བྱུང་བ་དེ་རེད།

དེ་རིང་འདིར་གྲོས་ཚོགས་ཚོགས་དུས་མཐའ་མ་ཡིན་པའི་ཆ་ནས་ད་གིན་ངས་གོང་དུ་ཞུས་པ་ནང་བཞིན་བྱས་ནས་ཡིག་ཆ་འཕར་མ་ཞིག་འདི་ལ་བཀྲམ་ཡོད། འདི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་བཞི་དང་ཕྱེད་ཀ་ལྷག་གི་ལས་དོན་ཕྱོགས་བསྡོམས་འདྲ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེའི་ནང་ནས་གཙོ་བོ་འདྲ་བོ་དེ་ ༢༠༡༡ གི་ཕྱི་ཟླ་ ༥ པའི་ཚེས་ ༣༠ ཉིན་མོ་དེར་ལས་ཁུར་དམ་བཅའ་ཞུས་གནང་བ་དང་། དེའི་རྗེས་སུ་སྐབས་བཅོ་ལྔ་འདིའི་ནང་ལ་སྤྱི་འཐུས་ ༨ ཙམ་ཞིག་འཕོ་འགྱུར་ཕྱིན་པ་རེད། དེའི་ཚབ་ཀྱི་ལས་ཁུར་དམ་བཅའ་ཞུས་བཞག་པ། དེའི་ནང་ནས་བཀའ་བརྒྱུད་སྤྱི་འཐུས་ཚོགས་གཙོ་ཟུར་པ་དམ་པ་དགོངས་པ་རྫོགས་པའི་རྗེས་ལ་སྒུག་ཐོའི་ནང་ལ་ཡོད་པ་ཁོང་རང་སྔོན་ནས་རྡོ་རྗེ་གདན་ལ་ཁོར་ཡུག་གི་ཚོགས་འདུ་ཞིག་ལ་བཅར་རྒྱུའིགཏན་འཁེལ་ཟིན་པའི་གནས་སྟངས་ཤིག་གི་འོག་ནས་དགོངས་ཞུ་གནང་བ་རེད། དེ་མ་གཏོགས་སྤྱི་འཐུས་ ༨ ཙམ་ཞིག་འགྱུར་བ་ཕྱིན་པ་ཚང་མས་དམ་བཅའ་དེ་ལྟར་ཕུལ་ཡོད་རེད།

དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གསར་རྒྱག་དང་ཉམས་གསོ་གཉིས་ཀར་བྱས་པ་རེད། དེ་ཡི་བརྒྱུད་རིམ་གྱི་ནང་ལ་འཛིན་སྐྱོང་བཀའ་ཤག་ངོས་ནས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཡོད་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གང་ཐུབ་ཐབས་ཤེས་བྱས་ཡོད་རེད། རྡོ་རྗེ་གདན་དུས་འཁོར་དབང་ཆེན་གྱི་དངུལ་ལྷག་མ། དེ་བཞིན་ Washington DC གྱི་དངུལ་ལྷག་མ། ICT ནས་དངུལ་ཕྲན་བུ་ཐབས་ཤེས་བྱས་བཞག་པ། སྒེར་སོ་སོ་ནས་ཕྲན་བུ་ཐབས་ཤེས་བྱས་བཞག་པ། དེ་འདྲའི་བརྒྱུད་རིམ་ཐོག་ནས་ཁང་པ་ཉམས་གསོ་བྱ་རྒྱུ་དེའི་ནང་ལ་ཚོགས་གཙོ་ཡིན་ཡང་དངོས་སུ་བསྡད་པ་ཡིན། སྤྱི་འཐུས་རྒན་པ་གཉིས་དེའི་ནང་ལ་བཞུགས་ནས་ད་ལྟའི་གྲོས་ཚོགས་འཚོགས་སའི་ཁང་པ་འདི་རེད། རྒྱུན་ལས་ཀྱི་ལས་ཁུངས་རེད། དེ་བཞིན་ལས་བྱེད་ཀྱི་ལས་ཁུངས་དེ་དག་ཚང་མ་ཚད་དང་ལྡན་པ་བྱུང་སོང་། ཚོགས་གཙོས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཞུས་པའི་སྐབས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་སྤྱི་འཐུས་བཞུགས་མོལ་ཚོགས་འདུར་ཐག་ཆོད་གང་བྱུང་བ་དེ་ཞུས་པ་རེད། བཀའ་ཤག་ཀྱང་འདིར་ཚུར་ཕེབས་ནས་གཟིགས་ཞིབ་གནང་བ་རེད། གཟིགས་ཞིབ་གནང་ནས་རྒྱབ་སྐྱོར་གནང་བ། དེའི་སྒང་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ང་ཚོར་མཐུན་འགྱུར་གནང་སོང་། དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་བཀའ་ཤག་གིས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་བར་བརྟེན་ནས་ང་ཚོའི་ཁང་པ་དེ་ཡང་ཚད་དང་ལྡན་པ་ཞིག་བྱུང་སོང་། དེ་རྒྱས་སྤྲོ་ཡི་ཆེད་དུ་མིན་ཞེས་ངས་ཞུ་གི་ཡོད། ས་ཆ་སྔོན་མ་གང་ཡོད་པ་དེ་རང་གི་ཐོག་ཏུ་བརྒྱབ་པ་རེད། ཕྱོགས་གཅིག་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ་ཕེབས་པའི་སྐབས་སུ་ཁང་པ་ཉམས་དམའ་པོ་ཞིག་ནང་། སྔོན་མ་ཁང་པ་གཅིག་རྒྱབ། ཐོག་ཀ་དེ་ཡང་འཆར་གཞི་ཅི་ཡང་མེད་པར་བརྒྱབ་པ་ཞིག་ཡིན་དུས་བརྟན་པོ་ཡང་མི་འདུག གྲོས་ཚོགས་ཚོགས་ཁང་ནང་དུ་ལོ་གཅིག་གི་ནང་མཛད་གཙོ་རྣམ་པ་ཚར་གཉིས་འཛོམས་དགོས་ཀྱི་ཡོད་རེད། ས་ཁུལ་འདི་ཡང་ས་ཡོམ་རྒྱག་སའི་ས་ཁུལ་ཞིག་ཡིན་དུས། སྔོན་མའི་ཁང་པ་རྙིང་པ་དེའི་ནང་ལ་བསྡད་ནས། གལ་སྲིད་གོད་ཆག་འདྲ་བྱུང་བ་ཡིན་ན་ཚང་མ་མཉམ་དུ་དུས་གཅིག་ལ་འགྲོ་རྒྱུའི་ཉེན་ཁ་དེ་འདྲ་ཡོང་མི་སྲིད་པ་རེད་མི་འདུག དེ་འདྲ་ཞིག་དང་། ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ་ཕེབས་པ་ཡིིན་ན་ཡང་། ཧ་ཅང་གི་ཉ་དམའ་པོ་བྱས་པ་ཡིན་ནའང་ཆོ་གང་ཡང་མི་འདུག ལྷག་པར་དུ་བོད་ནས་ཕེབས་མཁན་ཚོ་ཡིན་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་རྡ་རམ་ས་ལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་འདི་ཆགས་ཀྱི་ཡོད་དུས། ཉམས་དམའ་པོ་ཞེ་དྲགས་ཤིག་ཡོད་པ་ཡིན་ན་ཁོང་ཚོའི་སེམས་ཤུགས་ཆག་རྒྱུའི་བཟོ་འདྲ་ཞིག་དང་། བོད་ལ་ཕར་ཕེབས་པ་ཡིན་ན་རྡ་རམ་ས་ལ་ཧང་སངས་དགོས་པ་ཞིག་ཡོད་རེད་བསམ་སོང་ཡང་གང་ཡང་མི་འདུག་ཟེར་བའི་གནས་སྟངས་ལ་མི་འགྱུར་བའི་ཆེད་དུ་ཁང་པ་གསར་བཞེངས་གྲུབ་པ་རེད། བཀའ་ཤག་ལ་ཡང་མཐུན་འགྱུར་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡོད།

         དེ་ནས་གྲོས་ཚོགས་བསྐོང་ཚོགས་གནང་བ་ཐེངས་བཅུ་གཅིག་བྱུང་ཡོད་རེད། ཁྲིམས་བཟོའི་ལས་དོན་ཕལ་ཆེར་དེ་རིང་སྐབས་བཅོ་ལྔ་པའི་ནང་ལ་མང་ཤོས་ཤིག་རེད། བཅའ་ཁྲིམས་ལ་བསྐྱར་བཅོས་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་སྒྲིག་གཞི་ཁག་ཚང་མར་བསྐྱར་བཅོས་འགྲོ་དགོས་པའི་ལས་རིམ་དེ་སྤྱི་འཐུས་སྐབས་བཅོ་ལྔ་པས་ཆེད་འཛུགས་ཚོགས་ཆུང་བཙུགས་ནས། ཆེད་འཛུགས་ཚོགས་ཆུང་ནང་དུ་ཕྱག་ལས་གནང་མཁན་ཚོ་ཡིན་ཡང་དངོས་ནས་དྲང་གནས་ཀྱིས་འགན་བཞེས་ཏེ་གནང་ཡོད་རེད། དེ་ནས་རྗེས་སུ་བཀའ་བློན་ཁྲི་པ་ནས་སྲིད་སྐྱོང་གི་མཚན་གནས་བརྗེ་པོ་བརྒྱབ་པའི་སྐབས་དེ་ལའང་ཡང་བསྐྱར་བཅོས་བྱེད་དགོས་པ་མང་པོ་ཞིག་གི་ལས་དོན་བསྒྲུབས་ཡོད་རེད། གང་ལྟར་ད་ལྟའི་བར་དུ་ཕལ་ཆེར་ཁྲིམས་བཟོའི་ལས་དོན་ཁག་ ༩༣ ཙམ་ཞིག་ཆགས་འདུག དེ་ནས་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡིན་ཡང་ཁག་ ༡༠ ཙམ་ཞིག་དང་། སྤྱི་འཐུས་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ ༨༦ ཙམ་དང་། སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་ ༦༨ དང་། གྲོས་ཚོགས་ནང་ལ་བགྲོ་གླེང་བྱས་པའི་སྐབས་སུ། བཀའ་ཤག་གི་གསལ་བཤད་ལ་བགྲོ་གླེང་བྱེད་པའི་སྐབས་སུ་ཡིན་ནའང་རེད། སྔོན་རྩིས་གསུང་བཤད་ཀྱི་ཐོག་ལ་བགྲོ་གླེང་བྱེད་དུས་ཡིན་ནའང་རེད། བཀའ་ཤག་གི་ལས་བསྡོམས་སྙན་ཞུའི་སྐབས་སུ་བགྲོ་གླེང་བྱེད་དུས་ཡིན་ནའང་རེད། ཚོགས་ཆུང་ཁག་གི་སྙན་ཐོའི་ཐོག་ལ་བགྲོ་གླེང་བྱེད་དུས་ཡིན་ནའང་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་རེད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་རེད། དེ་ཚོའི་ཐོག་ལ་བགྲོ་གླེང་བྱས་བཞག་པའི་དྲི་བ་སྟོང་ཕྲག་མང་པོ་ཞིག་བསྐུལ་ཡོད་རེད། དྲི་བ་སྟོང་ཕྲག་མང་པོ་དེ་ཡང་སྤྱི་འཐུས་རྣམ་པ་ཚོས་གནད་དོན་ལ་ཐུགས་ཞིབ་གནང་ནས་གྲོས་ཚོགས་ཀྱིས་སྟངས་འཛིན་བྱ་རྒྱུར་འགན་ཁུར་བའི་ཐོག་ནས། བཀའ་ཤག་གིས་གྲོས་ཚོགས་ལ་ལན་འདེབས་དང་འགན་འཁུར་དང་རྩིས་རྒྱག་བྱ་རྒྱུའི་ལས་དོན་དེ་དག་འགྲུབ་པའི་ཆེད་དུ་དྲི་བ་སྟོང་ཕྲག་མང་པོ་བཏང་ཡོད་རེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་གསལ་བཤད་གནང་དགོས་པ་དེ་ཚོར་གནང་ཡོད་རེད། དེ་ཚོའི་ཐོག་ལ་དུས་ཚོད་མང་པོ་ཞེ་དྲགས་ཞིག་བཏང་གནང་བ་དང་ཐུགས་སྣང་གཞེན་བསྐུལ་ཡིན་ཡང་ ༡༨ ཙམ་ཞིག་བྱུང་འདུག

         དེ་ནས་གྲོས་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་ཁག་ཉི་ཤུ་ཙམ་ཞིག་དང་སྤྱི་འཐུས་རྒྱུན་ལས་ནས་ཚོགས་ཆུང་བསྐོ་འཛུགས་གནང་བ་ཁག་བཅུ་བཞི་ཙམ་ཆགས་ཀྱི་ཡོད་རེད། ད་གིན་བཀུར་འོས་སྤྱི་འཐུས་གཅིག་གིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ནང་ལ་ཆེད་བཙུགས་ཚོགས་ཆུང་གཅིག་ཙམ་ལས་བཙུགས་མེད་པའི་གནས་སྟངས་འདྲ་ཞིག་གསུངས་སོང་། དེ་ཚོ་ཏག་ཏག་བསྡད་ཡོད་མ་རེད། གྲངས་ཀ་དེ་ཙམ་ཆགས་ཀྱི་ཡོད་རེད། དེའི་ནང་ནས་ཚོགས་ཆུང་ནང་ནས་ད་གིན་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་པ་ནང་བཞིན་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་དོན་དེས། དངོས་གནས་དྲང་གནས་འཛིན་སྐྱོང་ལའང་དུས་ཚོད་མང་པོ་བཏང་དགོས་པ་དང་། གནད་དོན་ཧ་ཅང་གི་རྙིང་པ་དེ་ཚོ་རྗེས་སུ་འཚོལ་བར་ཕྱིན་པའི་སྐབས་སུ་རྙེད་རྒྱུ་མེད་པའི་བཟོ་འདྲ་ཞིག་ཆགས་བསྡད་པ་དེ་ཚོའི་ཐོག་ལ་ཡིན་ན། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པའི་སྙན་ཐོ་རེད། དེའི་ཐོག་ནས་གནད་དོན་མང་པོ་ཞིག་གཙང་མ་བཟོས་ཡོད་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པའི་སྙན་ཐོའི་ཐོག་ལ་ཡང་སྤྱི་འཐུས་རྒྱུན་ལས་རང་གིས་དུས་ཚོད་མང་པོ་ཞིག་བཏང་ནས། ཡང་དེ་ནས་གཙང་མ་ཞིག་བཟོས་ཡོད་རེད། དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དྲུག་པ་དང་། དྲུག་པའི་རྗེས་སུ་སྤྱི་འཐུས་རྒྱུན་ལས་ཀྱིས་གཟིགས་ཞིབ་གནང་བཞག་པ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བདུན་པ། དེ་ལྟར་རབས་དང་རིམ་པ་བྱས་ནས་མང་པོ་ཞེ་དྲགས་ཤིག་གནང་སོང་། སྐབས་རེ་སྐབས་རེེ་ཚོགས་གཙོ་སྦྲེལ་པོ་གཉིས་ལ་ཚོགས་ཆུང་ནང་ལ་ཚོགས་མི་སྡོད་མཁན་མ་རག་པའི་དཀའ་ངལ་དེ་འདྲའང་འཕྲད་ཀྱི་ཡོད་རེད། རྣམ་པ་ཚོས་ཐོ་གཞུང་འདིའི་ནང་གཟིགས་ཡོད་པ་ཡིན་ན་སྤྱི་འཐུས་གནང་མཁན་ནང་ལོགས་ནས་སུ་དང་སུས་དུས་ཚོད་བཏོན་ནས་འགན་ཁུར་ནས་གནང་འདུག་མི་འདུག དེབ་འདིའི་ནང་ལ་གཟིགས་རྒྱུ་ཡོད་པ་ཞིག་རེད། ཚོགས་ཆུང་གི་ནང་ལ་སུ་དང་སུ་བཞུགས་འདུག་དང་མི་འདུག དེ་དག་ཚང་མས་མཁྱེན་མཁྱེན་པ་ཞིག་རེད། དེ་ཡིན་དུས་ཚོགས་ཆུང་ནང་ལ་ལྷག་པར་དུ་དུས་རྒྱུན་དུ་ནས་རེ་བ་བཏོན་པ་ནང་བཞིན་བྱས་ནས་བཞུགས་མཁན་ཚང་མ་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུའི་འདོད་པ་བྱུང་།

         དེ་ནས་དཔལ་འབྱོར་གྱི་ལས་དོན་ནང་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་སོ་སོའི་རིང་ལོ་ལྔ་བསྐོས་ཡོད་པ་དང་། སྔོན་རྩིས་གཏན་འབེབས་བྱེད་རྒྱུ་རེད། དེ་ནང་བཞིན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་ཞུས་པ་རེད། དམིགས་བསལ་ཚོགས་ཆེན་དེ་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གི་འོག་ནས་ཞུས་ཡོད་རེད། དེའི་གོ་སྒྲིག་ཚོགས་ཆུང་ནང་ལ་ཞུགས་མཁན་དང་། མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་དེ་རིང་གྲོས་ཚོགས་མཐའ་མ་དེ་ཆགས་ཀྱི་ཡོད་ཙང་དེ་ལའང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

         དེ་ག་ནང་བཞིན་གྱིས་ ༢༠༡༢ ལོ་ལ་ཁ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་རུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བསྐོང་ཚོགས་ཞུ་ཐུབ་པ་རེད། ད་ལྟའི་དུས་ཡུན་འདི་མ་རྫོགས་པའི་སྔོན་ནས་གཅིག་གོ་སྒྲིག་ཞུ་དགོས་བསམ་པ་རེད་ཀྱང་བསམ་པ་ཇི་བཞིན་བྱུང་ཡོད་མ་རེད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་གོ་སྒྲིག་ཞུ་བར་ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མི་ཀོན་སིག་ལིའིཌིནི་ནོ་རེད། དེ་བཞིན་ ICT ཡི་ཚེ་རིང་བྱམས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཐུན་འགྱུར་གནང་མཁན་གྲོགས་པོ་ཚང་མར་དེ་རིང་འདིའི་བརྒྱུད་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

         དེ་ནས་ ༢༠༠༩ ནས་བྱས་ཏེེ་སྤྱི་འཐུས་རྣམ་པ་ཚོ་ལོ་གཉིས་དང་ཕྱེད་ཀ་ཕྱེད་ཀའི་རིང་ལ་ས་བགོས་བྱས་ཏེ་ཕེབས་ཡོད་རེད། ལོ་གཉིས་དང་ཕྱེད་ཀ་ཕྱེད་ཀའི་ནང་ལ་འགན་ཁུར་ཏེ་སོ་སོའི་ཁྱབ་ཁོངས་སུ་ཕེབས་ཀྱི་ཡོད་རེད། དེའི་ནང་ནས་མཚམས་འདྲི་གཟིགས་བསྐོར་ཇི་ཙམ་ཕེབས་འདུག ལྟ་སྐོར་ཕྱོགས་བསྐྱོད་སྔོན་མ་དང་རྗེས་མ་སོ་སོར་ག་ཚོད་ཕེབས་འདུག གང་ལྟར་གྲངས་བཞི་བཅུ་ཞེ་ལྔ། བཞི་བཅུ་ཞེ་དྲུག བཞེ་བཅུ་ཞེ་དགུ་བྱས་ནས། མི་མང་གིས་བདམས་པའི་འཐུས་མི་ཞིག་གིས་མི་མང་ལ་འགན་ཁུར་རྒྱུ་ཟེར་བའི་གནད་དོན་དེ། Accountablity ཟེར་བ་དེ་རེད། དེ་ཡིན་དུས་དེའི་གནས་བབ་ཅིག་གི་འོག་ནས་ཁ་སང་ངས་ཞུས་པ་ནང་བཞིན་ཡོང་ས་དེ་ཆོལ་ཁ་དང་ཆོས་བརྒྱུད། ས་ཁུལ་སོ་སོ་ནས་ཡོང་གི་ཡོད་རེད་ཀྱང་བདམས་ཚར་བའི་རྗེས་སུ་བོད་མི་ས་ཡ་དྲུག་གི་སྐུ་ཚབ་བྱེད་དགོས་ཀྱི་རེད་མ་གཏོགས་སོ་སོའི་ཆོལ་ཁ་དང་ཆོས་བརྒྱུད། ས་ཁུལ་དེ་ཙམ་ཞིག་གི་སྐུ་ཚབ་བྱས་པས་ཕན་གྱི་མེད་པ་སོང་ཙང་། སོ་སོར་འོས་བླུག་མཁན་ཡོད་མེད་ལ་མ་བལྟོས་པར་རྒྱ་བལ་འབྲུག་གསུམ་གྱི་ནང་དུ། འགན་ཁུར་ནས་བགོས་ཏེ་ཕྱིན་ཡོད་རེད། ཁག་ཅིག་ནི་ཕེབས་ཐུབ་ཡོད་མ་རེད། ཕེབས་མ་ཐུབ་པ་དེ་འགའ་ཤས་ཤིག་སོ་སོའི་སྐུ་གཟུགས་ཀྱི་གནས་བབ་ཀྱི་ཐོག་ནས་ཕེབས་མ་ཐུབ་པ་དེ་འདྲ་ཡོད་ཀྱི་རེད། འགའ་ཤས་ནིི་རྒྱུ་མཚན་གང་ཡིན་ཞུ་ཐུབ་རྒྱུ་ཁག་པོ་རེད། མང་ཚོགས་ཀྱི་ངོས་ནས་ཡིན་ཡང་སོ་སོས་འཐུས་མི་ཞིག་བདམས་ཚར་བའི་རྗེས་ལ་དེེས་ག་རེ་བྱེད་ཀྱི་འདུག ག་རེ་བྱེད་ཀྱི་མི་འདུག གྲོས་ཚོགས་ནང་ལ་སྐད་ཆ་ག་རེ་བཤད་ཀྱི་འདུག་མི་འདུག མང་ཚོགས་ནས་དངོས་གནས་དྲང་གནས་འགན་བཀུར་བཞག་པ་ནང་བཞིན་གྱིས་ལས་འགན་ཞིག་ཁུར་གྱི་འདུག་མི་འདུག དེ་ཚོར་ལྟ་དགོས་རྒྱུ་གལ་ཆེན་པོ་རེད། འོས་བླུགས་ཏེ་འཐུས་མི་བདམས་བཞག་པ་གཅིག་པུས་ཕན་གྱི་ཡོད་མ་རེད། མ་འོངས་པར་དེར་རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག་གམ་མི་འདུག་དེར་གཟིགས་དགོས་པའི་གནས་བབ་ཅིག་ཆགས་ཀྱི་ཡོད་རེད། ད་ལྟའི་སྐབས་ ༡༥ པའི་སྤྱི་འཐུས་རྣམ་པ་ཚོས་མང་ཚོགས་དང་འཛིན་སྐྱོང་གི་བར་ལ་ཟམ་པ་དེ་ཡག་པོ་ཞིག་བྱེད་ཐུབ་སོང་བསམ་པའི་བློ་ཁ་འཚིམ་པའི་གནས་སྟངས་ཤིག་ཆགས་ཡོད།

         དེ་བཞིན་སྐབས་ ༡༥ པའི་སྤྱི་འཐུས་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་ནང་ལ་ཆབ་སྲིད་ཀྱི་ལས་འགུལ་གང་ལ་གང་ཙམ་ཞིག་སྤེལ་ཐུབ་ཡོད་རེད། ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་དོན་ཆབ་སྲིད་ཀྱི་ཞུ་གཏུགས་ལས་འགུལ་དང་། ཚོགས་འདུ་དེ་ཚོའི་ནང་བཅར་བ་ཕལ་ཆེར་གྲངས་ལྔ་བཅུ་ང་བཞི་ཙམ་ཆགས་ཀྱི་འདུག ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠ པ་ལ་ལྡི་ལི་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་རེད། ཕྱི་ལོ་ ༢༠༡༢ ཆུ་འབྲུག་ལོའི་གནམ་ལོ་གསར་ཚེས་ཉིན་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཟས་བཅད་ངོ་རྒོལ་གྱིི་ལས་འགུལ་གཅིག་སྤེལ་བ་རེད། ཕྱི་ལོ་ ༢༠༡༢ ལོ་ལ་རྒྱལ་སྤྱི་དང་བོད་ནང་ལ་ཞི་བདེ་ཡོང་ཕྱིར་གཙུག་ལག་ཁང་གི་གསུང་ཆོས་ར་བ་རུ་ཟས་བཅད་ཀྱི་ལས་འགུལ་སྤེལ་ཡོད་རེད། ཕྱི་ལོ་ ༢༠༡༢ ལོར་རྒྱལ་སྤྱིའི་ནང་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་འཛམ་བུ་གླིང་ཁྱོན་ཡོངས་ལ་བོད་པ་བསྡུ་སྡོད་ས་གནས་མང་དག་ཅིག་ལ་བདེན་པའི་མེ་ལྕེའི་ལས་འགུལ་དེ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཐུབ་པ་བྱུང་ཡོད་རེད། དེའི་སྐབས་སུ་འགན་ཁུར་མཁན་ཚོས་ཡིན་ན་ཡང་ཐུགས་ཁུར་ཞེ་དྲགས་གནང་སོང་། དེ་བཞིན་ཕྱི་ལོ་ ༢༠༡༣ ལོ་ལ་རྒྱ་གར་གྱི་མངའ་སྡེ་ཁག་གི་ནང་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བ་རེད། དེ་ད་ལྟ་ལས་བསྡོམས་ནང་ལ་གཟིགས་པ་ཡིན་ན་མངའ་སྡེ་སོ་སོའི་ནང་ལ་གནད་ཡོད་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་ཞུས་ནས་མངའ་སྡེའི་རྫོང་དཔོན་ནམ་ Governor དང་། དེ་བཞིན་གྱི་མངའ་སྡེའི་སྤྱི་ཁབ་བློན་ཆེན། Chief minister དེ་བཞིན་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཆབ་སྲིད་ཀྱི་མི་སྣ། དེ་འདྲ་མང་པོ་ཞིག་ལ་མཇའ་འཕྲད་གནང་ནས་ལས་འགུལ་སྤེལ་ཐུབ་པ་བྱུང་ཡོད།

         ཕྱི་ལོ་ ༢༠༡༣ ནང་ལ་ལྡི་ལི་ལ་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་རེད། ཕྱི་ལོ་ ༢༠༡༣ ལོ་ལ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་ཐུགས་རྗེ་ལེགས་གསོལ་གྱི་ཆེད་དུ་མར་བཅར་བ་དང་། ཕྱི་ལོ་༢༠༡༤ ལོ་ལ་རྒྱ་གར་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་། དེ་ནས་ཚོགས་ཆུང་འཆར་འགོད་བྱས་ནས་ལྡི་ལི་ལ་མར་ཕེབས་ནས་རྒྱ་གར་གྱི་ཆབ་སྲིད་མི་སྣ་བརྒྱ་ལྷག་ཙམ་ཞིག་དང་མཇལ་འཕྲད་གནང་། རྒྱ་གར་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་བྱས་པ་ལ་སོགས་པས་མཚོན་ལས་འགུལ་མང་པོ་ཞིག་སྤེལ་ཡོད་རེད། ༢༠༡༥ ལོ་ལ་ཧི་མ་ཅལ་མངའ་སྡེ་ལ་ལས་ཀྱི་སྣེ་མོ་བ་ཡོངས་རྫོགས་ལས་བྱེད་དང་བཅས་པའི་མི་བདུན་བརྒྱ་ཙམ་ལ་གསོལ་ཚིགས་ཕུལ་རྒྱུ་དེེ་འདྲ་ཞིག་སྐབས་བཅོ་ལྔ་པའི་དུས་ཡུན་འདིའི་རིང་གནང་ཐུབ་པ་བྱུང་ཡོད་རེད།

         དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དུས་དྲན་དང་མཛད་སྒོ་ཁག་ལ་གཏམ་བཤད་བྱེད་རྒྱུ་དེ་ཚོ་ང་ཚོས་རྒྱུན་ལྡན་ནང་བཞིན་བྱས་ནས་ཆ་ཚང་ཞིག་འགན་ཁུར་ནས། དེ་རྒྱུད་ནས་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་ཆབ་སྲིད་ཀྱི་གནད་འགག་བཤད་རྒྱུ་དེ་འདྲ་བྱུང་ཡོད་རེད་ཅེས་ཞུ་རྒྱུ་ཡིན།

         དེ་ནས་ཁྲིམས་སྒྲིག་དང་དཔེ་དེབ་དཔར་བསྐྲུན་ཞུས་པ། གསར་འཕྲིན་འགྲེམས་སྤེལ་ཞུས་པ་དེ་ཚོ་གང་ལྟར་མང་དག་ཅིག་ཁྲིམས་དང་སྒིག་གཞི་སྤར་བསྐྲུན་ཞུས་པ་དེ་ཚོ་ཚད་དང་ལྡན་པ་ཞིག་དེབ་གཅིག་གི་ནང་དུ་དཀྱུས་གཅིག་ལ་ཐུགས་སྣང་གནང་མཁན་དེ་ཚོས་གཟིགས་རྒྱུ་ཡོད་པའི་གནས་སྟངས། དེ་ལ་བསྐྱར་བཅོས་གང་ཕྱིན་པ་དེ་ཆ་ཚང་དྲྭ་རྒྱའི་ལམ་ནས་གཟིགས་རྒྱུ་དང་ཕབ་རྒྱུ་ཡོད་པ་དེ་འདྲ་བཟོས་ཡོད་རེད། དེ་བཞིན་གྱིས་གྲོས་ཚོགས་ཀྱི་གསར་འཕྲིན་འདོན་སྤེལ་ཐེངས་ཉི་ཤུ་རྩ་གསུམ་ཙམ་ཞིག་དང་། བར་ལམ་ཞིག་ནས་ཡིག་ཐོག་ལ་མར་ཕབ་པ་ཙམ་ཞིག་མ་གཏོགས་པའི་ཡིག་ཐོག་ནས་འགྲེམས་རྒྱུ་དེ་མི་དགོས་པ་བྱས་ནས། དྲྭ་རྒྱ་དང་དེང་དུས་ཀྱི་འཕྲུལ་ཆས་ཀྱི་བརྒྱུད་ལམ་གྱི་ཐོག་ནས་མང་ཚོགས་ལ་གྲོས་ཚོགས་ཀྱི་ལས་རིམ་གཟིགས་རྒྱུ་ཡོད་པ། དེ་ག་ནང་བཞིན་གྱིས་འོད་སྡེར་མང་པོ་ ཞིག་འདོན་གནང་གི་ཡོད་རེད། དེ་ནས་བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་ཟེར་བའི་དེབ་ཕྲེང་གཉིས། རྩ་བའི་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་ལ་མི་སོ་སོའི་སྒེར་གྱི་ལོ་རྒྱུས་ཀྱི་ཐོག་ནས་གནས་སྟངས་འགྲེལ་བཤད་རྒྱག་མཁན་ཡོད་རེད། ཡིན་ནའང་སྒེར་གྱི་ལོ་རྒྱུས་བྲིས་པའི་སྐབས་ལ་དེ་སྐབས་དང་དུས་དེའི་སྐབས་སུ་གནས་སྟངས་གང་ཡིན་པ་དེའི་ཐོག་ལ་སོ་སོའི་ཚོར་བ་དེ་ཡང་བསྣན་ནས་ཡོང་གི་ཡོད་རེེད། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱོགས་བསྒྲིགས་ཞུས་བཞག་པ་འདི་ཡིག་ཆའི་ཐོག་ལ་ག་རེ་ཡོོད་པ་དེ་རང་ལ་གཞིར་བཞག་པའི་ཐོག་ནས་བྱུང་བ་བརྗོད་པའི་དེབ་ཕྲེང་གཉིས་བཟོས་ཡོད་པ་དང་། ད་ལྟའི་ལོ་ལྔ་དེའང་མ་འོངས་པའི་གྲོས་ཚོགས་ཀྱི་ཐོག་ནས་བཟོ་དགོས་པའི་གནས་སྟངས་ཤིག་རེད། དེ་བཞིན་ཚེ་སྲོག་གི་འབོད་སྒྲ་ཟེར་བའི་བོད་ནང་ལ་རང་ལུས་མེར་བསྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་ཚོར་མྱ་ངན་རྗེས་དྲན་གྱི་བོད་ཡིག་དང་ཨིན་ཇི་རྒྱ་ཡིག་གསུམ་གྱི་ནང་ལ་ཤན་སྦྱར་བྱས་ནས་བཟོས་ཡོད་རེད། དེབ་གང་ཡོད་པ་དེ་ཚོའི་ཐུགས་འགན་བཞེས་མཁན་་དང་རྩོམ་གྱི་ཐོག་ལ་ཡིག་ཆ་ཕྱོགས་སྒྲིག་བྱེད་རྒྱུ་དང་། དེ་ཚོའི་ཐོག་ལ་མཐུན་འགྱུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དོལ་རྒྱལ་དང་འབྲེལ་བའི་བླང་དོར་གྱི་ཤེས་བྱ་གནད་བསྡུས་ཞེས་པ་དེའི་ནང་ལ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་དོལ་རྒྱལ་དང་འབྲེལ་བའི་བཀའ་སློབ། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་སློབ། དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་སློབ། ཚོགས་གཙོའི་གཏམ་བཤད། དཔལ་ལྡན་ཆོས་རིག་བཀའ་བློན་གྱི་གསུང་བཤད། དེ་འདྲ་མང་པོ་ཞིག་ཕྱོགས་སྒྲིག་བྱས་ནས་མང་ཚོགས་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་དོལ་རྒྱལ་གྱི་ཐོག་ལ་ལངས་ཕྱོགས་གང་ཡིན་པ། དེའི་སྒང་ལ་གྲོས་ཆོད་གང་བཞག་ཡོད་པ་དེ་དག་བསྣན་ནས་པར་བསྐྲུན་བྱས་ཡོད་རེད། དེ་ནས་ Ottawa རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཚོགས་པའི་བྱུང་རིམ་གྱི་དེབ་གཅིག དེ་ལ་སྙན་ཐོ་གཅིག་བཏོན་ཡོད་རེད། དེབ་ཡིན་ནའང་ཕྱོགས་སྒྲིག་བྱས་པ་ ༨ ཙམ་ཞིག་སྐབས་བཅོ་ལྔའི་སྐབས་སུ་བྱུང་འདུག

         ད་བར་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་མང་ཚོགས་ཡོད་རེད་ཀྱང་གྲངས་ཀ་དེ་ད་ལྟ་ངས་ཐོ་བརྒྱབ་མི་འདུག (སྤྱི་འཐུས་རྒྱུན་ལས་ཐེངས་ ༤༥༤ ཚོགས་ཡོད།) རྒྱུན་ལས་ལྷན་ཚོགས་བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་འཆར་ཅན་དང་། དགོས་གལ་བྱུང་བ་ཡིན་ན་འཕར་མ་དེ་འདྲའང་ཚོགས་ཀྱི་ཡོད་རེད། དེ་ལྟར་བྱས་ནས་རྒྱུན་ལས་ལྷན་ཚོགས་ཀྱང་ཚོགས་གཙོ་སོ་སོའི་འགན་ཁུར་བའི་སྐབས་སུ་སྔོན་མའི་ཚོགས་གཙོ་གཞོན་པ་ཡིན་ནའང་རེད། ད་ལྟའིཚོགས་གཙོ་གཞོན་པ་ཡིན་ནའང་རེད་ཚང་མས་དངོས་གནས་མཐུན་འགྱུར་ཧང་སངས་དགོས་པ་ཡག་པོ་གནང་སོང་། ཚོགས་གཙོ་སྦྲེལ་པོ་ཞེས་མིང་འདི་ལྟར་འབོད་ཀྱི་ཡོད་རེད། ཐུན་མོང་གི་ཐོག་ནས་ལས་འགན་སྒྲུབ་རྒྱུ་རེད། གོ་བསྡུར་བྱེད་རྒྱུ་རེད། གང་ཅིའི་ཐོག་ལའང་སོ་སོའི་ངོས་ནས་ཡིན་ནའང་སྔོན་མ་ནས་དམ་བཅའ་དེ་ག་རང་ཡིན། ཆེ་ས་དུས་ནམ་ཡང་བློས་གཏོང་གི་མ་རེད། ཆེ་ས་ཟེར་དུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། དེ་ག་ནང་བཞིན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་རེད། དེ་དུས་ནམ་ཡང་བློས་གཏོང་གི་མ་རེད། གདོང་ལེན་ག་པར་བྱེད་དགོས་ཀྱི་ཡོད་ནའང་བྱེད་ཀྱི་ཡིན་ཞེས་དེ་སྔ་ཡང་བྱས་བཞག་ཡོད། མ་འོངས་པར་ཡང་ལས་གནས་ཡོད་མེད་ལ་མ་བལྟོས་པར་བྱེད་ཀྱི་ཡིན། ཆུང་སར་རྩོད་པ་རྒྱག་ནས་ཕན་གྱི་མི་འདུག ང་རང་ཚོ་སྤྱི་ཚོགས་ཀྱི་ན་ཚ་འདྲ་གཅིག་གང་རེད་ཞུས་པ་ཡིན་ན་ཆུང་རྩག་ཆུང་རྩག་ལ་ང་ཚོས་རྩོད་པ་མང་པོ་ཞིག་བརྒྱས། ཆུང་རྩག་གི་རྩོད་པའི་ན་ཚ་དེ་ཆེ་ས་ལ་སྤུངས་དགོས་དུས་སྤུངས་མ་ཐུབ་པར་བྱས་པའི་དེ་འདྲའི་གནས་སྟངས་ཡོང་གི་འདུག ང་རང་གི་ཐོག་ནས་ཡིན་ནའང་རྒྱུན་ལས་ལྷན་ཚོགས་འཛོམས་པའི་སྐབས་ལ་ལངས་ཕྱོགས་ལྟ་བུ་དེ་འདྲ་ཞིག་ཡིན། དཔལ་ལྡན་ཚོགས་གཙོ་གཞོན་པ་ལ་ཡང་། ངའི་བསམ་ཚུལ་འདི་འདྲ་ཞིག་ཡིན། ངའི་ལས་ཀ་བྱེད་སྟངས་འདི་འདྲ་ཞིག་ཡིན་ཞེས་ཞུ་ཡི་ཡོད། ང་རང་གིས་གང་ཤེས་པ་དེ་ཚོགས་གཙོ་གཞོན་པ་ལ་ཆ་ཚང་ཞུ་ཡི་ཡོད། གནས་ཚུལ་གང་འདྲ་ཞིག་ཡིན་ཡང་ཞུ་ཡི་ཡོད། དེ་ནས་བགྲོ་གླེང་བྱས་ནས་མར་རྒྱུན་ལས་ནང་ལ་གོ་བསྡུར་བྱེད་ཀྱི་ཡོད། རྒྱུན་ལས་རྣམ་པ་ཚོས་ཡིན་ནའང་དེ་སྔ་དང་མ་འདྲ་བའི་འཕྱར་གྲུ་མཉམ་འདེགས་ཡག་པོ་ཞེ་དྲགས་གནང་བྱུང་། དེ་ལའང་ཐུགས་ཆེ་ཞེས་ཞུ་རྒྱུ་ཡིན། རྒྱུན་ལས་ལོ་ལྔའི་རིང་ལ་ལོ་ལྔ་ཆ་ཚང་བཞུགས་མཁན་ཡོད་རེད། འགའ་ཤས་ལོ་རེ་བཞིན་འཕོ་འགྱུར་འགྲོ་མཁན་ཡོད་རེད། འགའ་ཤས་ལོ་གཉིས་གསུམ་གྱི་ནང་ནས་འཕོ་འགྱུར་འགྲོ་མཁན་ཡོད་རེད། ཁོང་རྣམ་པ་ཚང་མར་དེ་རིང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུའི་འདོད་པ་བྱུང་།

         དེ་ནས་བཀའ་སྤྱི་ལྷན་རྒྱས་ཡིན་ནའང་ད་ལྟའི་བཀའ་ཤག་སྐབས་བཅུ་བཞི་པ་དང་གྲོས་ཚོགས་སྐབས་བཅོ་ལྔ་པའི་རིང་ལ་ང་ཚོ་བཀའ་སྤྱི་ལྷན་རྒྱས་ཐེངས་བཅུ་གསུམ་ཚོགས་པ་རེད། མ་འོངས་པར་ཡིན་ན་ཡང་བཀའ་སྤྱི་ལྷན་རྒྱས་དེ་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ག་རེ་བྱེད་རྒྱུ་ཡོད་པ་ཡིན་ནའང་མཉམ་དུ་བྱེད། གཅིག་གཅིག་གིས་འགན་ཁུར་རྒྱུ་དེ་འགན་ཁུར་ནས་ས་མཚམས་དེ་མ་བརྒལ་བའི་ཐོག་ནས་ཕྱག་ལས་གནང་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱི་འདུག ཡང་བར་ལམ་ནས་གཅིག་བལྟས་པ་ཡིན་ན་བཀའ་བློན་རྣམ་པ་ཚོ་ཕྱོགས་སྐྱོད་ཕེབས་པའི་སྤྱི་འཐུས་རྒྱུན་ལས་ལ་མཁྱེན་རྟོགས་ཀྱི་ཆེད་དུ་དགོངས་ཞུའི་ངོ་བོའི་ཐོག་ནས་གཅིག་གཏོང་གི་ཡོད་རེད། ཡང་དེ་ཚོ་ཡང་མཚམས་ཆད་བསྡད་པའི་བཟོ་འདྲ་ཞིག དེ་གཞན་སྟངས་འཛིན་བྱེད་རྒྱུའི་རྒྱུ་མཚན་གང་ཡང་མ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱས་ནས་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱིས་བཀའ་ཤག་ལ་འབྲེལ་བ་ཞིག་ཞུ་དགོས་བྱུང་ན་བཀའ་བློན་སུ་དང་སུ་བཞུགས་ཡོད་མེད་དེ་མཁྱེན་རྟོགས་ཡོང་རྒྱུའི་ཁྱད་པར་ཞིག་ཀྱང་ཡོད་རེད། བཀའ་བློན་གཅིག་བཞུགས། སྲིད་སྐྱོང་བཞུགས་མེད་པ་བྱས་ནས་དེའི་རྗེས་ལ་སུར་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་དེ་ལ་བཀའ་ཤག་གི་ངོ་བོོའི་ཐོག་ནས་ལས་ཚབ་ཀྱི་ཐོག་ནས་འབྲེལ་བ་ཞུ་དགོས་ཀྱི་ཡོད་དུས། དེ་ཚོ་མཁྱེན་རྟོགས་ཡོང་རྒྱུའི་ཁྱད་པར་ཞིག་ཀྱང་ཡོད་རེད། དེ་བར་ལམ་ཞིག་ནས་མཚམས་བཞག་འདུག རྒྱུན་ལས་ནས་ཡར་ཕྱག་བྲིས་ཞིག་ཕུལ་བ་ཡིན་ཡང་ད་ལྟའི་བར་དུ་བཀའ་ལན་འབྱོར་མ་སོང་། དེ་ཚོའི་གྲངས་དེ་མུ་མཐུད་ནས་ཕེབས་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད་བསམ་གྱི་འདུག ཡང་བར་ལམ་ཞིག་ནས་བོད་གནས་ཉམས་ཞིབ་ཀྱི་བོད་ནང་གི་གནས་ཚུལ་རྟོག་ཞིབ་དང་། ཡང་ན་བརྒྱུད་ལམ་ཁག་ནས་ཐོན་པ་ཡིག་བསྒྱུར་གནང་བཞག་པ་དེ་ཚོ་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ལ་གཅིག་ཕེབས་ཀྱི་ཡོད་རེད་ཀྱང་། དེ་ཚོའང་སྐབས་ཤིག་ལ་ཕེབས་མ་སོང་། དེ་ཚོའི་གྲས་དེ་ང་རང་ཚོའི་ཕར་ཚུར་གྱི་འབྲེལ་ལམ་ཡག་པོ་ཡོང་བའི་ཆེད་དུ་རེད། གནས་ཚུལ་གཅིག་མཁྱེན་པ་ཡིན་ན་དེ་གཞན་ཞིག་ལ་མཁོ་སྤྲོད་བྱས་པ་ཡིན་ན། གཞན་པ་དེས་ཟུར་དུ་དེའི་སྒང་ལ་གནང་དགོས་པའི་རྒྱུ་མཚན་ཡོད་མ་རེད། དེ་ཡང་གནང་ཕྱོགས་ཤིག་གིས་ཐོག་ནས་ཡིན་ནམ། སྲིད་བྱུས་ཡིན་བར་ལམ་ཞིག་ལ་འབྲེལ་བ་མ་བྱུང་བ་ཡིན་ནམ། གང་འདྲ་ཡིན་མིན་ཞུ་ཤེས་མ་སོང་། དེ་ཚོ་འདྲ་པོ་ཡིན་ན་མུ་མཐུད་ནས་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བར་གྱི་འབྲེལ་ལམ་དེ་དམ་ཟབ་ཏུ་བཏང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད་ཅེས་ཞུ་འདོད་བྱུང་།

         དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་ལན་འདེབས་གནང་བའི་སྐབས་དེར་དཔལ་འབྱོར་གྱི་གནས་བབ་ཐོག་ནས་བཀའ་མང་པོ་ཞིག་གནང་སོང་། ངས་ཆ་ཚང་ཞིག་ཐོ་བརྒྱབ་རྒྱུ་བྱུང་མ་སོང་། དེ་ཡིན་དུས་སྤྱིར་བཏང་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པ་དེ་ང་ཚོ་ཚང་མས་ངོས་ལེན་ཞུ་བཞིན་ཡོད་རེད། ད་ལྟའི་འཛིན་སྐྱོང་བཀའ་ཤག་ངོས་ནས་ཨ་མི་རིའི་སྲིད་གཞུང་ US AID ས་ཡ་གསུམ་ཡོད་པའི་ཐོག་ལ་ས་ཡ་གསུམ་འཕར་སྣོན་བྱུང་ཐུབ་པ་དང་། ད་ལྟ་ལས་རིམ་འགྲོ་བཞིན་པའི་ Canada རེད། ཡོ་རོབ་མཐུན་ཚོགས་རེད། དེ་དག་གི་གནས་བབ་རེད། དེ་བཞིན་དཔལ་ལྡན་ནང་སྲིད་བཀའ་བློན་དང་ལས་བྱེད་ཚོའི་བརྒྱུད་ནས་རྒྱ་གར་སྲིད་གཞུང་ནས་ག་ཚོད་འཐབ་རྩོད་གནང་ཐུབ་ཡོད་པ་དེ་ཚོ་དངོས་ཡོད་གནས་ཚུལ་རེད། དེ་མ་རེད་ཞུ་རྒྱུ་གང་ཡང་མེད།

         ད་རེས་འདིར་ ༢༠༡༦།༢༠༡༧ གྱི་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ཕྱོགས་བསྡོམས་མ་དངུལ་གྱི་གནས་སྟངས་དེ་གཅིག་ཞུས་བཞག་ན། རྩ་བའི་ཚང་མའི་ཕྱག་ལ་ཡོད་རེད། ༢༠༡༥།༣།༣༡ བར་དུ་ང་ཚོ་ལ་དངུལ་འབོར་ཕྱེ་ཡོང་དུས་དུམ་བུ་འདྲ་པོ་བཞི་ཡོད་རེད། གཅིག་དེ་གཏན་འཇགས་མ་དངུལ་ཟེར་བ་དེ་རེད། གཏན་འཇགས་མ་དངུལ་ཟེར་བ་དེ་ཕལ་ཆེར་ ༡༩༩༦ ཙམ་ནས་འགོ་བཙུགས་ཏེ། བསམ་བློ་འདྲ་པོ་གང་རེད་ཅེ་ན། དེའི་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་གཏང་རྒྱུ་གཏན་འཇགས་མ་དངུལ་ལོ་རེ་ལོ་རེ་ནས་ཡར་སྤར་ཏེ། དེ་ཆེན་པོ་ཞིག་བཟོས་པ་དང་། དེའི་སྐྱེད་ཀ་དེ་ནས་བོད་མིའི་སྒྲིག་འཛུགས་མ་འོངས་པར་དཀའ་ངལ་འཕྲད་པ་ཡིན་ན་འགྲོ་གྲོན་གཏང་རྒྱུའིི་ཆེད་དུ་ཡིན་པའི་སྐད་ཆ་རེད། དེ་ ༢༠༡༥།༣།༣༡ བར་དུ་ ༤༤༧༨༨༠༠༠༠ ས་ཡ་བཞི་བརྒྱ་བཞི་བཅུ་ཞེ་བདུན་དང་བརྒྱད་འབུམ་བརྒྱད་ཁྲིའིི་གནས་སྟངས་དེ་རེད། གཏན་འཇགས་མ་དངུལ་ཟེར་བ་དེ་རེད། དེ་ཡང་དེའི་དབྱེ་བ་དེ་ཕྱེ་ཤེས་པ་བྱས་ན་ཡག་པོ་ཡོད་རེད། གཏན་འཇགས་མ་དངུལ་གྱི་གནས་བབ་འདི་ས་ཡ་བཞི་བརྒྱ་བཞི་བཅུ་ཞེ་བདུན་དང་བརྒྱད་ཁྲི་བརྒྱད་སྟོང་རེད། དགོངས་དག་དང་པོ་དེ་སྔོན་རྩིས་མ་དངུལ་རེད་འདུག འདིའི་ནང་དུ་འཁོད་པ་དེ། གཏན་འཇགས་མ་དངུལ་དེ་ ༢༢༤༠༤༠༠༠༠ ས་ཡ་གཉིས་བརྒྱ་ཉི་ཤུ་རྩ་བཞི་དང་འབུམ་མེད་བཞི་ཁྲི་འདི་འདྲ་ཞིག་རེད་འདུག འདི་གཏན་འཇགས་མ་དངུལ་ཟེར་དུས་སྔོན་མ་ནས་བསགས་ཏེ་ད་ལྟ་ཡར་ཡར་སྤུངས་པ་རེད། ཁ་སང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་གསལ་བཤད་གནང་བ་ནང་བཞིན་བྱས་ནས་དེབ་སྔོན་པོའི་ཡོང་འབབ་མང་ཆེ་བ་དེའི་ནང་དུ་ཚུད་ཀྱི་ཡོད་རེད། དེའི་གཏན་འཇགས་མ་དངུལ་སྒོར་ས་ཡ་ཉི་བརྒྱ་ཉི་ཤུ་རྩ་བཞི་དང་འབུམ་མེད་བཞི་ཁྲི་རེད།

         སྔོན་རྩིས་མ་དངུལ་ཟེར་བ་དེ། དཔལ་འབྱོར་ལས་ཁུངས་དངུལ་རྩིས་རང་གི་ཆེད་དུ་བསྐོར་ར་རྒྱག་རྒྱུའི་དངུལ་ཞིག་ཡོད་རེད། དེ་འཆར་ལོའི་ནང་ལ་འདང་མ་འདང་བྱུང་བ་ཡིན་ན། སྔོན་རྩིས་མ་དངུལ་ནས་གཏང་གི་ཡིན་གསུང་དུས། དེ་ནས་གཏོང་གི་ཡོད་རེད། དེ་མིན་པ་ཡིན་ན། ལྷན་ཁང་སོ་སོའི་ཟུར་བཀོལ་མ་དངུལ་ནས་གཏོང་དགོས་པ་དེ་དག་གཏོང་གི་ཡོད་རེད། དེའི་གནས་བབ་དེ་ད་ལྟའི་སྐབས་ལ་༢༠༡༥།༣།༣༡ ལ་སྔོན་རྩིས་མ་དངུལ་དེ་སྒོར་ ༤༤༧༨༨༠༠༠༠ ས་ཡ་བཞི་བརྒྱ་བཞི་ཞེ་བདུན་དང་བརྒྱད་འབུམ་བརྒྱད་ཁྲི་ཆགས་བསྡད་ཡོད་རེད།

         དེ་ནས་ཟུར་བཀོལ་སྤྱིར་བཏང་མ་དངུལ་ཟེར་བ་ཞིག་ཡོད་རེད། དེའི་ནང་ལ་ལྷན་ཁང་སོ་སོའི་ཟུར་བཀོལ་ནང་ལ་ General Fund ཟེར་བ་དེ་རེད། དེ་ལྷན་ཁང་སོ་སོའི་དངུལ་ལྟ་བུ་ཞིག་རེད། དེ་ཚོའི་ནང་ལ་ལྷན་ཁང་སོ་སོའི་ལས་འཆར་གྱི་དངུལ་མ་འདང་བ་དེ་དག་ཟུར་བཀོལ་མ་དངུལ་ནས་ལེན་དགོས་པ་རེད། དེའི་གནས་བབ་དེ་ལྷན་ཁང་ཚང་མ་བསྡོམས་པའི་ ༢༠༡༥།༣།༣༡ ལ་སྒོར་ ༡༠༡༩༡༦༠༠༠༠ ས་ཡ་ཆིག་སྟོང་བརྒྱ་མེད་བཅུ་དགུ་དང་ཆིག་འབུམ་དྲུག་ཁྲི་ཆགས་བསྡད་ཡོད་རེད། ས་ཡ་ཆིག་སྟོང་ལྷག་གི་གནས་བབ་དེ་རེད།

         དེ་ནས་གཅིག་དེ་ཟུར་བཀོལ་ལས་འཆར་མ་དངུལ་ཟེར་བ་དེ་རེད། ཟུར་བཀོལ་ལས་འཆར་མ་དངུལ་ཟེར་བ་དེ་ཟུར་བཀོལ་ནང་ཡོད་པ་གང་ཞིག་ལ་ལས་འཆར་སྒང་ལ་འགྲོ་སོང་གཏོང་དགོས་ཀྱི་དངུལ་ཞིག་རེད། དེ་འཆར་གཞི་སྒྲིག་སྟེ་འཆར་བཀོད་བཞིན་འགྲོ་སོང་གཏོང་དགོས་པའི་གནས་སྟངས་དེ། ༢༠༡༥།༣།༣༡ ལ་སྒོར་ ༧༤༥༢༥༠༠༠༠ ས་ཡ་བདུན་བརྒྱ་བཞི་བཅུ་ཞེ་ལྔ་དང་ཉིས་འབུམ་ལྔ་ཁྲི་ཆགས་འདུག དེ་དག་ཚང་མ་བསྡོམས་ཏེ་ཕྱོགས་བསྡོམས་མ་དངུལ་གྱི་གནས་བབ་དེ་ ༢༠༡༥།༣།༣༡ བར་དུ་ ༢༤༣༦༣༣༠༠༠༠ ས་ཡ་ཉིས་སྟོང་བཞི་བརྒྱ་སོ་དྲུག་དང་སུམ་འབུམ་སུམ་ཁྲི་ཆགས་ཡོད་རེད། དེའི་ནང་ལ་ལས་འཆར་མ་དངུལ་ ༧༤༥༢༥༠༠༠ དེ་མར་བཏོན་པ་ཡིན་ན། ཕྱོགས་བསྡོམས་མ་གངུས་གྱི་གནས་བབ་དངོས་གནས་དེ་ག་རེ་ཆགས་ཡོད་རེད་ཅེ་ན། དཔལ་འབྱོར་ལས་ཁུངས་སམ། ལྷན་ཁང་སོ་སོའི་ཟུར་བཀོལ་ནང་ལྷག་བསྡད་པ་དེ་ག་ཚོད་ཆགས་ཡོད་རེད་ཅེ་ན། ༡༦༩༡༠༨༠༠༠༠ ཆགས་ཡོད་རེད་ཅེས་ཞུ་རྒྱུ་དང་།

         ད་ལྟ་འགྲོ་བཞིན་པའི་ལོ་ ༢༠༡༥།༢༠༡༦ ནང་ལ། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་གསུང་བཤད་ནང་འཁོད་པའི་དངུལ་བབ་དེ་ལ་བལྟས་པ་ཡིན་ན། ས་ཡ་བདུན་ཅུ་དོན་བརྒྱད་ཙམ་ཞིག་ལྷག་ཆ་ཡོད་པའི་གནས་སྟངས་དེ་འདིའི་སྒང་ལ་བསྡོམས་པ་ཡིན་ན། ༡༧༦༩༨༨༠༠༠༠ གནས་བབ་འདི་ཆགས་ཀྱི་ཡོད་རེད། དེ་ཚོགས་གཙོས་བཟོས་བཞག་པའི་གནད་སྟངས་དེ་འདྲ་གང་ཡང་མ་རེད། དེ་དཔལ་ལྡན་དཔལ་འབྱོར་བཀའ་བློན་གྱི་གསུང་བཤད་ནང་གི་དེབ་ནང་ལ་ཡོད་པ་དེ་རེད། ཕྱོགས་ཡོངས་ཀྱི་ལོ་ལྔའི་ནང་དུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱག་ལས་ག་རེ་གནང་ཡོད་པ་དང་། ད་ལྟའི་གྲོས་ཚོགས་འདིའི་ནང་དུ་གང་དང་གང་བྱུང་བ་དེའི་ཐོག་ལ་ཚོགས་གཙོ་སྦྲེལ་པོའི་ཚོར་སྣང་གང་ཡོད་པ་དེ་དག་ཞུས་ཟིན་པ་ཡིན།

         ད་ཆ་གལ་ཆེ་ཤོས་དེ་མ་འོངས་པའི་གནས་སྟངས་དེ་ཆགས་ཀྱི་ཡོད་རེད། མ་འོངས་པའི་སྲིད་སྐྱོང་གིས་དབུས་པས་བཀའ་བློན་རྣམ་པ་ཚོ་དང་། མ་འོངས་པའི་བཀུར་འོས་སྤྱི་འཐུས་རྣམ་ཚོ་ལ་ཞབས་བསྐུལ་ཞུ་རྒྱུ་དེར། ང་ཚོ་ཚང་མས་ཕྱ་གྲུ་མཉམ་འདེགས་ཀྱི་ཐོག་ནས་ལས་ཀ་མ་འགྲིག་པ་དེ་འགྲིག་གི་མེད་པར་སྤྱི་འཐུས་ཀྱིས་འདོན་དགོས་ཀྱི་ཡོད་རེད། དེ་མ་བཏོན་པ་ཡིན་ན་སྤྱི་འཐུས་ཀྱི་ལས་འགན་དེ་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད།

         དེ་ནས་ང་ཚོས་སྒྲིག་འཛུགས་ཕན་ཚུན་ལ་གུས་བརྩི་ཞུ་རྒྱུ། སྒྲིག་འཛུགས་ཕན་ཚུན་ལ་ཆེ་མཐོང་སྤྲད་རྒྱུ། ང་ཚོའི་འགྲོ་ལུགས་འགྲོ་སྟངས་ཆུང་ཆུང་དེ་འདྲ་ཡིས་མིའི་བསམ་བློའི་ནང་ལ་ཕོག་འགྲོ་བའི་གནས་སྟངས་དེ་འདྲར་མི་འགྱུར་བ། གལ་ཆེ་ཤོས་གཙོ་བོ་དེ་གང་རེད་ཅེ་ན། ད་ཆ་ང་ཚོའི་སྤྱི་ཚོགས་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་རེད། སྤྱི་ཚོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་སོང་བའི་ཉེར་ལེན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱིས་མི་མང་མཉམ་དུ་འབྲེལ་བ་གང་འདྲ་ཞིག་འཇོག་དགོས་ཀྱི་འདུག་གམ། མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་གང་འདྲ་ཞིག་སྤེལ་དགོས་པ་རེད། མི་མང་ལ་མང་གཙོའི་འགྲོ་ལུགས་སྲ་བརྟན་གང་འདྲ་ཞིག་བཟོ་དགོས་པ་རེད། གཞིས་ཆགས་ཀྱི་གནས་བབ་དེ་ཚོ་གང་འདྲ་ཞིག་ཆགས་ཀྱི་འདུག་གམ། དེའི་ནང་ལ་ཤེས་ཡོན་དང་འཕྲོད་བསྟེན། དེ་དག་ཚང་མ་ཚུད་ཡོད་པའི་གནས་སྟངས་ཤིག་རེད། དེ་ནས་ཁ་འཐོར་ནས་འགྲོ་གི་ཡོད་པ། ད་དུང་གཟུགས་པོ་ཐག་རིང་དུ་འགྲོ་གི་ཡོད་པ་དེ་ཚོའི་སེམས་ཉེ་རུ་གང་འདྲ་བྱས་ནས་བཟོ་དགོས་པ་རེད། ལྷག་པར་དུ་ཕྱི་རྒྱལ་ལ་ཡོད་མཁན་དེ་ཚོའི་ནང་ལ་གང་འདྲ་ཞིག་བྱེད་དགོས་ཀྱི་རེད། དེ་ཚོའི་ཐོག་ལ་དངོས་གནས་དྲང་གནས་ཐབས་བྱུས་ཚད་དང་ལྡན་པ་ཞིག་དགོས་ཀྱི་འདུག སོ་སོ་ཡིན་ནའང་དུས་རྒྱུན་དུ་ནས་ཞུ་བཞིན་ཡོད། ང་ཚོ་གྲངས་ཐོ་ཚད་དང་ལྡན་པ་ཡག་པོ་ཞིག་བྱུང་བ་ཡིན་ན། དེ་ལ་དཔག་པའི་འཆར་གཞི་ཚད་དང་ལྡན་པ་ཞིག་བཟོ་རྒྱུ་ཡོང་གི་རེད་ཅེས་ཞུས་ཀྱི་ཡོད། དེ་འདྲའི་གྲངས་འབོར་ཚད་དང་ལྡན་པ་བཟོ་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ད་ལྟ་ཙམ་མ་ཡིན་པར་མ་འོངས་པར་མི་རབས་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་རེད། ང་ཚོ་ད་ལྟ་འགན་ཁུར་མཁན་དེ་ཚོ་འཁྱུར་འགྲོ་བ་ཡིན་ནའང་། ཡིག་ཆ་རང་གི་སྒང་ལ་བལྟས་ནས་སྔོན་མའི་གནས་སྟངས་དེ་འདྲ་རེད་འདུག་ཅེས་དཔྱད་པ་བྱ་སའི་ལམ་ཞིག་ཡོང་གི་རེད། དེ་ཚོའི་རིགས་དེ་མང་ཚོགས་ལ་ག་ཚོད་སྙོབ་ཐུབ་ཐུབ་ཅིག ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེས་འཕྲོད་བསྟེན་སྔོན་འགོག་གི་ཐོག་ལ་བཀའ་སློབ་ཕེབས་པ་དེ་ཚོའི་ཐོག་ལ་མ་འོངས་པའི་བཀའ་ཤག་གིས་བང་རིམ་བསྒྲིག་གི་རེད་ཅེས་གསུངས་པ་བཞིན་ཏན་ཏན་གནང་དགོས་པ་ཡང་རེད། དེ་ག་ནང་བཞིན་ཉམ་ཐག་ཡིན་ནའང་ཉམ་ཐག་ཚད་ལྡན་ཡིན་མིན་ཐག་བཅད་ནས། ཉམ་ཐག་དངོས་གནས་མིན་མཁན་ཚོ་ལ་དེ་རིང་ནས་ཁྱེད་རང་ཚོ་ཉམ་ཐག་ནས་གྲོལ་བ་རེད་ཅེས་གསལ་བརྡ་སྤྲད་རྒྱུ་དང་། དགོས་ངེས་ཅན་གྱི་ཉམས་ཐག་དེ་ཚོ་མི་ཚེའི་ནང་ལ་དཀའ་ངལ་དེ་ནད་ན་ཚ་བྱུང་བའི་སྐབས་རེད། རྒན་འཁོགས་ཆགས་ནས་བདག་སྐྱོང་བྱེད་མཁན་མེད་པའི་དཀའ་ངལ། དེ་ཚོའི་གྲལ་ལ་ཚད་དང་ལྡན་པ་ཞིག་བཟོས། མི་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། ཆབ་སྲིད་ཀྱི་འགྲོ་ལུགས་ཚང་མ་ངོ་སྤྲོད་ཡག་པོ་ཞིག་བྱུང་བ་ཡིན་ན། ང་ཚོ་ཏན་ཏན་ཚགས་ཚུད་པོ་ཞིག་ཡོང་བའི་རེ་བ་ཞིག་ཡོད་པ་རེད། དེ་ཡིན་པར་སོང་ཙང་ང་རང་ཚོ་སོ་སོས་སྣང་བ་དག་ནས་བསྡད་པ་མ་ཡིན་པར། དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པར། ང་རང་ཚོ་སྐྱབས་བཅོལ་བའི་གནས་བབ་དང་མཐུན་པའི་ལས་དོན་ཞུ་སྒོ་ཐམས་ཅད་ཚགས་ཚུད་པོ་ཞིག་ཡོང་བའི་རེ་བ་ཞུ་གི་ཡོད།

         འདིར་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་རེད། བཀའ་ཤག་གི་ངོས་ནས་ཡིན་ནའང་རེད། ཚོགས་གཙོ་གཉིས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་སྐབས་རེ་སྐབས་རེ་གནད་དོན་ཆུང་ཆུང་དེ་འདྲ་ཡོང་གི་ཡོད་པ་རེད་མ་གཏོགས། གཞན་ཚང་མའི་ཐོག་ལ་ཡག་པོ་བྱུང། དཔེར་ན་ད་རེས་འདྲ་པོ་ཡིན་ན། ཚོགས་གཙོ་ལ་སེམས་འཚབ་ཡོད་པ་རེད། གྲོས་ཚོགས་ཉིན་མཐའ་མ་དེ་ལ་ཡང་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ་སྙམ་ནས་སེམས་འཚབ་ཡོད་པ་རེད་མ་གཏོགས། ཕྱོགས་ལྷུང་དང་གཅིག་གིས་གཅིག་སྲུང་སྐྱོབ་བྱ་རྒྱུའི་གནས་སྟངས་དེ་འདྲ་ད་ལྟ་བར་དུ་བྱས་མེད་ལ། མ་འོངས་པ་ཡང་ཡོང་གི་མ་རེད། ད་ལྟའི་གྲོས་ཚོགས་འདིར་ཡིན་ནའང་བྱས་མེད། གནད་དོན་ཆུང་ཆུང་དེ་འདྲ་རེད་མ་གཏོགས། སྤྱི་ཡོངས་ཀྱི་ཆ་ནས་ད་ལོ་ ༤ དང་ཟླ་བ་ ༡༠ ཙམ་འགྲོ་གི་ཡོད་པ་རེད། དེའི་ནང་ལ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་རེད། བཀའ་བློན་རྣམ་པ་ཚོ་རེད། དེ་བཞིན་རྒྱུན་ལས་འཚོག་པའི་སྐབས་རྒྱུན་ལས་རྣམ་པ་ཚོ་ཡིན་ནའང་། དཔེ་མི་སྲིད་པས་མཐུན་འགྱུར་ཡག་པོ་གནང་སོང་། ལྷག་པར་དུ་དཔལ་ལྡན་ཚོགས་གཙོ་གཞོན་པ་ཡིན་ན། དངོས་གནས་དྲང་གནས་ཀྱིས་མཉམ་རུབ་ཀྱི་འགན་ཁུར་ནས་ཡག་པོ་ཞེ་དྲག་གནང་སོང་། ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

         དེ་བཞིན་གྲོས་ཚོགས་ཀྱི་ལས་དོན་ཚགས་ཚུད་པོ་ཡོང་བ་ལ་ཚོགས་དྲུང་ལས་ཁུངས་ཀྱི་མཐུན་འགྱུར་མེད་ན། ཧ་ཅང་གིས་ཁག་པོ་རེད། ང་ཚོ་འདིར་ལས་བྱེད་ཀྱི་ཐོག་ནས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། ལས་བྱེད་ཀྱི་ཐོག་ནས་དཀའ་ངལ་འཕྲད་པ་དེའི་ཞུ་ས་ནི་འཛིན་སྐྱོང་བཀའ་ཤག་རེད། འཛིན་སྐྱོང་བཀའ་ཤག་ལ་ཞུས་ཡོད་པ་རེད། དེ་ཚོའི་ཐོག་ལ་ཡིན་ནའང་ང་ཚོའི་གནས་སྟངས་ཤིག་ཚར་བ་ཡིན་དུས་འཛིན་སྐྱོང་བཀའ་ཤག་ནས་དགོངས་བཞེས་གནང་རོགས་གནང་ཞེས་དེ་རིང་གྲོས་ཚོགས་ཀྱི་ཚོགས་ཁང་འདི་བརྒྱུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན། འདིར་དྲུང་ཆེ་ཡིན་པ་ཡིན་ན། རྡ་རམ་སའི་དཀྱིལ་འཁོར་འདིའི་ནང་ལོགས་སུ་རྒན་གྲས་ཀྱི་ནང་ནས་ཞབས་ལོ་ཐོག་ནས་ཡིན་ནའང་རེད། དགུང་ལོའི་ཐོག་ནས་ཡིན་ནའང་རྒན་གྲས་རེད། དེ་ཡིན་དུས་དགུང་ལོ་ཡར་ཕེབས་ཡོད་པ་རེད། ཉམས་མྱོང་ཆེན་པོ་ཡོད་པ་རེད། དེའི་ཐོག་ནས་ལས་དོན་དེ་ཚོར་དངོས་གནས་དྲང་གནས་ཧ་ཅང་གི་རུ་ང་ཞིབ་ཚགས་ཤིང་། ལས་ཁུངས་ཀྱི་དུས་ཚོད་ཙམ་མ་ཡིན་པར་ནང་དུ་ཡང་མཚན་མོའི་ཆུ་ཚོད་དང་པོ་གཉིས་པ་གསུམ་པ་དེ་འདྲའི་ཕྱག་ལས་གནང་ནས། ང་ཚོའི་ལས་དོན་དེ་ཚོ་ཏག་ཏག་སྒྲིག་ཐུབ་པ། དངོས་གནས་ཚོགས་གཙོ་གཉིས་ལ་མཐུན་འགྱུར་རོགས་རམ་གནང་ཐུབ་པ་དང་། སྐབས་རེ་ལམ་སྟོན་གནང་བ་དེ་ཚོ་ཧ་ཅང་གི་ཚགས་ཚུད་པོ་བྱུང་ཡོད་པ་རེད། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོ་ཡིན་ནའང་། གཅིག་གཉིས་ལའང་བཤད་དགོས་མེད། ཚང་མ་སྙེམས་ཆུང་ཡོད། སྐབས་རེ་སྙེམས་ཆུང་དྲགས་མེད་དམ་སྙམ་པའི་དཀའ་ངལ་དེ་འདྲ་ཡོད་ན་མ་གཏོགས། ལས་ཀའི་ཐོག་ལ་སྔ་པོ་ཡོང་དགོས་ཀྱི་ཡོད་པ་རེད། ཕྱིས་པོ་སྡོད་དགོས་ཀྱི་ཡོད་པ་རེད། ལྷག་པར་དུ་གྲོས་ཚོགས་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་ཡིན་ན་ཀར་ཀོར་མེད་པའི་ཐོག་ནས་ཕྱ་གྲུ་མཉམ་འདེགས་ཡག་པོ་གནང་སོང་། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེས་དབུས་པའི་ལས་བྱེད་ཚང་མ་ལ་ཚོགས་གཙོ་སྦྲེལ་པོས་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

         དེ་བཞིན་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་པའི་སྐབས་སུ་གལ་ཆེ་ཤོས་གཅིག་དེ། ང་ཚོའི་མང་གཙོ་དེ་ཕྱི་གསལ་ནང་གསལ་གྱི་མང་གཙོ་ཡིན་ཞེས་པ་དེ་རེད། དེ་ཡིན་པའི་ཐོག་ནས་གྲོས་ཚོགས་ནང་ལ་བཀའ་མོལ་ག་རེ་གནང་བ། ལས་རིམ་ག་རེ་བྱུང་བ། དེ་ཚོ་ཚང་མ་མི་མང་ལ་བརྒྱུད་སྤྲོད་བྱེད་མ་ཐུབ་པ་ཡིན་ན། ཕྱི་གསལ་ནང་གསལ་ཡོང་ཐབས་ཡོད་པ་མ་རེད། གནས་ཚུལ་དེ་ཚོ་ཡང་དུས་ཐོག་ལ་འགྲོ་ཐུབ་རྒྱུ་དེ། འཛིན་སྐྱོང་བཀའ་ཤག་གིས་བཀོད་ཁྱབ་འོག་ནས་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་ནས་ད་ལྟ་བར་དུ་མཐུན་འགྱུར་ཆ་ཚང་གནང་སོང་། གྲོས་ཚོགས་ཚོགས་ཁང་དེ་གསར་པ་བརྒྱབ་ནས་དངོས་གནས་བྱས་ན་སྒྲ་ཡི་སྐུད་པ་དེ་ཚོ་ས་ཡི་འོག་ནས་འཐེན་ཏེ་སྲུང་སྐྱོབ་ཡག་པོ་ཡོད་བསམ་སོང་སྟེ། རྡ་རམ་སའི་ཙི་ཙི་དེ་དག་གླགས་མ་ཁེལ་བར་གློག་སྐུད་མང་པོ་ཞིག་ལ་སོ་བརྒྱབ་ནས་ད་རེས་གྲོས་ཚོགས་ཀྱི་ལས་རིམ་ལ་བར་ཆད་འདྲ་པོ་སྤྲོད་གྲབས་སྤྲོད་གྲབས་འདྲ་པོ་བྱས་སོང་། ཡིན་ནའང་ལས་བྱེད་ཁོང་རྣམ་པས་ཧུར་ཐག་གནང་སྟེ་བཟོས་སོང་། འདི་རྗེས་ལ་གློག་སྐུད་དེ་ཚོ་བརྗེ་པོ་རྒྱག་དགོས་པའི་གནས་སྟངས་ཤིག་ཆགས་ས་རེད། དེ་ཚོར་རྒྱུན་ལས་ཀྱི་ངོས་ནས་བར་བརྒལ་བཀའ་འཁྲོལ་དེ་འདྲ་ཞུ་དགོས་ན་ཡང་། བཀའ་ཤག་ནས་མཐུན་འགྱུར་གནང་རོགས་གནང་ཞེས་རྒྱུ་དང་།

དེ་ནས་ཕྱིས་སུ་འཛམ་གླིང་གང་སར་བདེ་འཇགས་ཀྱི་གནས་ཚུལ་དེ་འདྲ་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་འཛིན་སྐྱོང་བཀའ་ཤག་ལ་འབོད་སྐུལ་ཞུས་པ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཚོས་གྲོས་ཚོགས་ཀྱི་ཚོགས་ཁང་ལ་ཡར་མར་ཕེབས་མཁན་ཚོ་ལ་ལྟ་ཞིབ་གནང་རྒྱུ་དེ་དག་ཡག་པོ་གནང་སོང་། སྐབས་རེ་དེང་སྐབས་ཀྱི་མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་ངོ་རྒོལ་བྱེད་མཁན་དེ་འདྲ་ཡོང་གི་ཡོད་པ་རེད། དེ་ཚོར་ཡིན་ནའང་བདེ་སྲུང་ལས་ཁུངས་ཀྱིས་ད་བར་དུ་ཡག་པོ་གནང་སོང་། མ་འོངས་པར་ཡང་དེ་འདྲ་ཡོང་མི་སྲིད་པ་མ་རེད། དེ་ཚོའི་ཐོག་ལ་སྟངས་འཛིན་ཡག་པོ་གནང་རོགས་གནང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་བདེ་སྲུང་གི་ལས་བྱེད་གཟེངས་སུ་ཐོན་པ་གཉིས་ལ་གནས་སྤར་སྔ་སྣུར་གནང་བ་དེ་འདྲ་ཡང་བྱུང་ཡོད་པ་རེད། དེ་འདྲ་ཡིན་དུས་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་།

         མཐའ་མ་དེར་ང་ཚོ་བཙན་བྱོལ་ནང་ལ་ཡོད་མཁན་ཚོ་བོད་ནང་ལ་ཡོད་མཁན་གྱི་བོད་མི་ཚོའི་སྐུ་ཚབ་མཚོན་དགོས་ཀྱི་ཡོད་པ་རེད། བོད་ནང་ལ་ཡོད་པའི་བོད་མི་ཚོ་ལ་ད་ལྟ་འོས་བསྡུའི་ལས་རིམ་གྱི་ཐོག་ནས་ཕན་ཚུན་ཅུང་ཙམ་བཤད་རེས་བྱུང་ཡོད་པ་རེད། སྐབས་རེ་ནུབ་ཕྱོགས་ཀྱི་མང་གཙོའི་འགྲོ་ལུགས་ཀྱི་ཤུགས་རྐྱེན་དེ་ང་ཚོའི་སྒང་ལ་ཤུགས་ཆེ་དྲགས་མེད་དམ་སྙམ་དེ་འདྲ་ཡོང་གི་འདུག རྒྱལ་ཁབ་གཞན་པ་དེ་ཚོ་ནང་ལ་ཡང་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་རིང་ང་ཚོའི་འདིར་བྱུང་བ་འདིས་བོད་ནང་ལ་ཡོད་མཁན་གྱི་བོད་མི་ཚོ་ལ་ཐུགས་ཕམ་དེ་འདྲ་བྱུང་ཡོད་པ་ཡིན་ན། བཟོད་གསོལ་ཞུ་བ་དང་སྦྲགས་ནས་ད་ལྟའི་འོས་བསྡུའི་ལས་རིམ་དེ་ཚར་བའི་རྗེས་སུ་ཚང་མར་དངོས་གནས་དྲང་གནས་བློ་མར་བབས་ཏེ་བསམ་བློ་གཏིང་ཟབ་ཏུ་བཏང་ནས། ང་རང་ཚོའི་ནུས་པ་མཉམ་སྤུངས་བྱ་རྒྱུར་འགྲོ་ཐུབ་ཀྱི་རེད་ཅེས་རང་ཉིད་ཡིན་ནའང་གདེང་ཚོད་ཡོད་ལ། རྣམ་པ་ཚོ་ཡིན་ནའང་ད་རེས་ཀྱི་དོན་རྐྱེན་ཁ་ཤས་ཀྱིས་རྐྱེན་པས་ང་ཚོའི་སྤྱི་ཚོགས་ནང་ལ་དུམ་བུ་འདྲ་པོ་མང་པོ་ཞིག་ཆགས་སོང་སྙམ་པ་དེ་ཚོ་ཚུར་བསྡུ་ཐུབ་ཀྱི་མ་རེད་བསམ་པའི་དགོངས་པ་དེ་མ་བཞེས་རོགས་གནང་ཞེས་ཞུ་རྒྱུ་དང་།

         ང་ཚོ་འདིར་བཙན་བྱོལ་ནང་དུ་ཡོད་པ་ཚོ་ཡིན་ནའང་། ད་མཚམས་འདྲ་པོ་ཞིག་བཞག་ནས། ཚོད་འདྲ་པོ་ཞིག་བྱས། ཁྱེད་རང་ཚོར་དངོས་གནས་ལག་རྩལ་ནི་མང་པོ་ཞིག་འདོན་རྒྱུ་འདུག།སྡུག་རིགས་ངན་ཚད་བཤད་པའི་སྐབས་སུ་ནམ་རྒྱུན་མཐོང་མེད་པའི་ལག་རྩལ་ལུང་པ་གང་འདོན་རྒྱུ་འདུག དེ་ཚོའི་གྲས་ཀྱིས་ལག་རྩལ་འདོན་རྒྱུ་ཡོད་ན། ཕར་རྒྱ་ནག་ལ་ཁ་བལྟས་ནས་དངོས་གནས་དྲང་ཀྱི་ནུས་པ་གང་འདོན་དགོས་ཀྱི་ཡོད་ན་ཡང་། རྩོམ་རྒྱག་རྒྱུ་ཡིན་ནའང་རེད། རི་མོ་འབྲི་རྒྱུ་ཡིན་ནའང་རེད། ག་རེ་བྱ་རྒྱུ་ཡོད་ནའང་། ཆ་ཚང་ཕར་རྒྱ་ནག་ལ་ཁ་གཏད་ནས་བྱེད་རོགས་བྱོས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

         གང་ལྟར་ང་ཚོ་ཚང་མའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ལས་ལྷག་པ་ཞིག་སུ་གཅིག་ཀྱང་ཡོད་པ་མ་རེད། ཚང་མས་སེམས་འཚབ་བྱེད་ས་དེ་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ཡར་བགྲེས་འགྲོ་བ་དེ་རེད། དེ་ཡིན་དུས་ང་ཚོས་༸རྒྱལ་བ་རིན་པོ་ཆེའི་ཐུགས་མི་ཕམ་པའི་ཁོར་ཡུག་བསྐྲུན་དགོས་པ་དང་། ༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་པར་གང་ཡོད་པ་དེ་དག་ང་ཚོས་སྒྲུབ་ཐུབ་རྒྱུར་འབད་བརྩོན་ཞུས་པ་ཡིན་ན། རང་བཞིན་གྱིས་དམ་ཚིགས་བརྟན་པོ་ཞིག་ཡོང་གི་རེད། དམ་ཚིག་བརྟན་པོ་ཞིག་བྱུང་བ་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་གྱི་རེད། ང་ཚོའི་ཁ་ནས་སྐུ་ཚེ་ཞབས་པད་བརྟན་པར་ཤོག་ཟེར་བ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། ལས་ཀྱི་ཐོག་ནས་སྐུ་ཚེ་༸ཞབས་པད་བརྟན་པའི་ཉམས་ལེན་བྱེད་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེ་༸ཞབས་པད་བརྟན་པའི་ཆེད་དུ་ང་རང་ཚོ་ཚང་མས་ལས་དོན་ག་རེ་བྱས་པ་ཡིན་ནའང་། ༸རྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་མི་ཡོང་བ་དང་། ད་ལྟ་བར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ལས་དེ་འདྲ་ཞིག་བཀྱོན་ནས། གནས་སྟངས་ཧ་ཅང་གི་དཀའ་ལས་ཁག་པོ་ཞེད་པོ་ཅིག་གི་འོག་ནས་སྐུ་ལས་སྐྱོན་ནས་ད་ལྟ་བར་དུ་བཟོས་བཞག་པ་འདི་དག་འཐོར་ཞིག་ཏུ་མི་འགྲོ་བའི་འགན་དེ་ང་ཚོ་ཚང་མ་ལ་ཡོད་པ་རེད། དེ་གནང་རོགས་གནང་ཞེེས་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།

བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པ་གྲོལ་པའི་གསལ་བསྒྲགས་ཞུ་རྒྱུ་བཅས་གསུངས།