བོད་རྒྱལ་ལོ་༢༡༣༧ཕྱི་ལོ་༢༠༡༠ཟླ་༧ཚེས་༦ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཁྲུངས་སྐར་དུས་ཆེན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

དེ་རིང་འདི་གར་བོད་འབངས་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་སྡོམ་གསུམ་ངུར་སྨྲིག་འཛིན་པ། རང་རེའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸ རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་ གྲངས་༧༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་འཕགས་ཀྱི་མཛད་སྒོ་ཚར་དུ་དངར་བ་ སྐྱོང་བཞིན་པའི་སྐབས་འདིར་༸མགོན་པོ་གང་ཉིད་དངོས་སུ་ཞབས་ཀྱི་པདྨོ་རྣམ་པར་ བཀོད་པར་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་འདིར་འདུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང། ཡབ་གཞིས་སྐུ་འཁོར་རྣམ་པ། བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པས་དབུས་གཞུང་ ཞབས་ལས་ཟུར་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ། འདིར་འདུས་སེར་སྐྱ་མང་ཚོགས་དང། བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་གུས་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ སྐུ་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་ རྒྱུ་ཡིན།

མགོན་པོ་གང་ཉིད་ཤིང་ཕག་ཟླ་བ་༥ ཚེས་༥ དང། ཕྱི་ལོ་༡༩༣༥ ཟླ་༧ ཚེས་༦ ཉིན་བོད་ས་མདོ་སྨད་ས་ཡི་ཐིག་ལེར་གཟིགས་པ་རྣམ་པ་ལྔ་ལྡན་གྱི་སྒོ་ནས་སྐུ་ བལྟམས་ཏེ་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་འདིར་སྒོ་གསུམ་མི་ཕྱེད་དད་པས་ འཚམས་ཞུ་དང་སྦྲགས་མཁའ་མཉམ་སྐྱེ་འགྲོ་སྤྱི་དང། ཁྱད་པར་གང་གིས་སྐྱོང་ཡུལ་ཆོས་ལྡན་ཞིང་གི་བོད་འབངས་ཉམ་ཐག་རྣམས་ཀྱི་མགོན་ དཔུང་དམ་པར་སྐུ་ཚེ་༸ཞབས་པད་སྲིད་མཐར་བརྟན་ཅིང། བཞེད་དགོངས་མཐའ་དག་གོང་ནས་གོང་འཕེལ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ གསོལ་འདེབས་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན།

བོད་འབངས་རྣམས་ལ་ཆོས་སྲིད་གཉིས་ཕྱོགས་ནས་བཀའ་དྲིན་གཞལ་དུ་དཀའ་བ་༸གོང་ས་སྐུ་ ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དང། དུས་མཚུངས་བོད་ཀྱི་ཆོས་སྲིད་གནས་བབ་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཛ་དྲག་ཉེན་ འགན་ཆེ་བར་གྱུར་ནའང། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དེ་དག་ལས་སྐྱོབ་ཆེད་མ་སྔ་མ་ འཕྱི་མེད་པར་བསམ་བཞིན་མིའི་སྲིད་པ་བཟུང་སྟེ་མཁའ་མཉམ་བསྟན་འགྲོའི་མགོན་དཔུང་ དམ་པར་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་འཁྲུངས་པ་མ་ཟད། ད་བར་བོད་ལྗོངས་རང་དབང་སྔར་སོར་ཆུད་ཐབས་ཀྱི་མཛད་དོན་སྤྱི་དང། ཡངས་པའི་ས་སྟེང་ཀུན་ཏུ་ཕན་བདེའི་འབྱུང་གནས་རིས་སུ་མ་མཆིས་པའི་རྒྱལ་བསྟན་ ཡོངས་རྫོགས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་དོན་ལ་ཉིན་མཚན་ཀུན་ཏུ་ཐུགས་ཁུར་ བསྐྱངས་དང་སྐྱོང་བཞིན་པ་བཅས་རྒྱས་པར་ཞུ་མ་དགོས་པ་ཚང་མས་མཁྱེན་གསལ་ཡིན་པ་ ལྟར་དང། ཕྱི་ལོ་༡༩༥༩ ལོ་མ་འོངས་བོད་མིའི་རང་དབང་རྩོད་ལེན་ཆེད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ དུ་ཕེབས་རྒྱུ་དགེ་མཚན་གཟིགས་པ་ལྟར་༸ཞབས་སོར་འཁོད་ཅིང། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མང་གཙོའི་ལམ་ལུགས་སུ་བསྒྱུར་བཀོད་མཛད་ རྒྱུའི་ལམ་སྟོན་ཟབ་མོ་དང་བཅས། ཕྱི་ལོ་༡༩༦༠ ལོར་བོད་གཞིས་བྱེས་མི་མང་གི་སྐུ་ཚབ་མཚོན་པའི་ཆོལ་ཁ་ཆོས་བརྒྱུད་བཅས་པའི་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་དེ་གསར་གཏོད་མཛད་པ་ནས་བཟུང་བཙན་བྱོལ་ བོད་གཞུང་མང་ཡོངས་ནས་བོད་དོན་བདེན་མཐའ་གསལ་ཐབས་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་ཡར་རྒྱས་ཆེད་ཐབས་ཤེས་འབད་རྩོལ་ སྣ་ཚོགས་བགྱིས་པར་འཛམ་གླིང་ས་ཕྱོགས་གང་ས་ནས་བདེན་རྒྱབ་རོགས་སྐྱོར་ཐོབ་པའི་ འབྲས་བུར་ད་ཆ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་སྒྲིག་འཛུགས་ངོམས་སུ་ འོས་པ་ཞིག་ཆགས་ཡོད།

༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་མང་གཙོ་ཡང་དག་པ་ཞིག་དགོས་པའི་ དགོངས་གཞི་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞིར་འགྱུར་བ་རིམ་ ཅན་དུ་གཏོང་གནང་མཛད་ཡོད། ལྷག་པར་དུ་བོད་མི་མང་སྤྱི་འཐུས་སྐབས་༡༡ པའི་འཐུས་མིའི་སྤར་ཆ་དང། བཅའ་ཁྲིམས་གཏན་འབེབས་ཀྱིས་ཁྲིམས་ལུགས་དབང་བསྒྱུར་གྱི་བཙན་བྱོལ་གཞུང་དུ་ སྒྱུར་བཀོད་གནང། དེ་བཞིན་བཙན་བྱོལ་བོད་མིའི་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པའང་རྒྱ་ ཆེའི་མང་ཚོགས་ནས་ཐད་དཀར་འོས་འདེམས་དགོས་པའི་ལམ་སྟོན་མཛད་པར་ལྟར་བསྐྱོད་ བཞིན་པ་བཅས་མང་གཙོའི་ངོ་བོ་དང་རྣམ་པ་ཇེ་གསལ་དུ་འགྲོ་བཞིན་ཡོད།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་ དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་ལེན་བསྟར་གནང་གིས་གང་ཉིད་ཀྱི་སྐུ་ཚབ་དང། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་དང་འབྲེལ་མོལ་ཐེངས་ དགུ་གནང་བའི་ནང་དོན་བོད་མིའི་མངོན་འདོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་གྱི་དགོས་འདུན་ལ་ རྒྱ་ནག་ཕྱོགས་ནས་ཁག་འདོགས་སྣ་ཚོགས་ཀྱིས་གཡོལ་ཐབས་ཁོ་ནའི་སྲིད་བྱུས་བཟུང་བར་ བརྟེན་ད་བར་གྲུབ་འབྲས་མ་བྱུང་བའི་ལན་པ་དེ་རྒྱ་ནག་འགོ་ཁྲིད་ཚོར་ཡོད།

ཉེ་བའི་ཆར་ཡང་རྒྱ་ནག་དབང་འཛིན་པ་ཚོས་བོད་ཀྱི་བླ་སྤྲུལ་རྣམ་པ་དང་བོད་རིགས་ ཤེས་ཡོན་ཅན་ཚོར་མི་རིགས་ཁ་བྲལ་དང། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚུལ་སོགས་ཆབ་སྲིད་ཀྱི་ཉེས་འཛུགས་སྣ་ཚོགས་ཀྱིས་ རྡུང་རྡེག་བཙོན་འཇུག་གི་ལས་འགུལ་སྤེལ་བ་དང། བོད་རིགས་ཁོར་ཡུག་སྲུང་སྐྱོབ་པ་དང་སྤྱི་ཚོགས་བདེ་དོན་སྒྲུབ་པ་པོ་རྣམས་ལའང་ ཉེས་མེད་ཉེས་འཛུགས་ཀྱིས་བཙོན་འཇུག་མནར་གཅོད་བཏང་དང་གཏོང་བཞིན་པར་བློ་ཕམ་ཚད་ མེད་དང་བཅས་དེ་རིང་གི་གོ་སྐབས་འདི་བརྒྱུད་སྐྱོན་བརྗོད་ཤུགས་དྲག་བྱེད་རྒྱུ་ ཡིན།

མགོན་པོ་གང་ཉིད་ཀྱི་དུས་གསུམ་གསལ་གཟིགས་བོད་རྒྱའི་དཀའ་རྙོག་སེལ་བའི་དབུ་ མའི་ལམ་གྱི་སྲིད་བྱུས་ལ་འཛམ་གླིང་ཆབ་སྲིད་མཁས་དབང་ཁག་དང། ལྷག་པར་དུ་རྒྱ་ནག་ནང་གི་བློ་གཟུ་བུར་གནས་པའི་ཆབ་སྲིད་མཁས་པ་མང་པོས་སྲིད་ བྱུས་འདི་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུར་ངོས་འཛིན་ཞུ་ཡི་ ཡོད། བོད་མི་མང་སྤྱི་འཐུས་སྐབས་༡༤ པའི་གྲོས་ཚོགས་ཚོགས་དུས་༩ པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེ་སྤྱི་ ཕེབས་ནང་བོད་རྒྱལ་འབྲེལ་མོལ་དང་འབྲེལ་བའི་མང་ཚོགས་ཀྱི་ཐེ་ཚོམ་སྐྱེ་གཞིར་ གནས་པས་ད་རེས་ཚོགས་འདུ་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་གྱིས་བཀའ་ཤག་དང་༸གོང་ ས་མཆོག་གི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་ བཟོ་དགོས་ཞེས་མང་གཙོའི་ལམ་ལུགས་དང་སྒོ་ཀུན་ནས་མཚུངས་པའི་བཀའ་སློབ་ལམ་སྟོན་ སྤྱི་ཕེབས་ལྟར་དོན་སྙིང་ལྡན་པའི་ཉན་ཞིབ་གནང་མཐར། བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནང་ བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་ འགྲེལ་བརྗོད་ཡིག་ཆའི་ནང་དོན་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ ཆེན་གྱི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཡིན་པར་ངེས་རྙེད་གོ་རྟོགས་གསལ་པོ་ བྱུང་བ་དང། འབྱུང་འགྱུར་ཡང་ཕྱི་ལོ་༡༩༩༧ ཟླ་༩ ཚེས་༡༨ ལ་བཞག་པའི་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ཇི་ལྟར་གསོལ་བ་བཏབ་པ་ བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་ དཔྱད་ཀྱིས་ཐུགས་ཐག་གཅོད་གནང་མཛད་རྒྱུའི་ཐུགས་འགན་མུ་མཐུད་བཞེས་གནང་ཡོང་བ་ དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཐག་གང་བཅད་དང་ཕྱག་བསྟར་གང་གནང་ལ་ གྲོས་ཚོགས་ཀྱིས་མོས་མཐུན་མཐའ་གཅིག་ཏུ་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་ཡོད།

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་སྐྱེ་འགྲོ་ཀུན་ལ་ བདེ་སྐྱིད་འབྱུང་ཐབས་སུ་དུས་དང་རྣམ་པ་ཀུན་ཏུ་སྐུ་ངལ་ལ་མ་འཛེམས་པ་ར་འཛམ་ གླིང་ཡུལ་གྲུ་གང་སར་༸ཞབས་ཀྱི་པདྨོ་རྣམ་པར་བཀོད་དེ་ཡུལ་ལུང་སོ་སོའི་མང་ཚོགས་ རྣམས་ལ་བྱམས་དང་བརྩེ་བའི་སྒོ་ནས་མིའི་སྤྱི་ཚོགས་དང་ཞི་བདེ་འཆམ་མཐུན་དང། ཞི་བདེ་གསར་བསྐྲུན་གྱི་རིན་ཐང་བྲལ་བའི་བཀའ་སློབ་ཟབ་གསལ་བཀའ་དྲིན་ཆེ་བར་ སྐྱེ་རྒུ་རྣམས་ཀྱིས་དགའ་བཀུར་བྱ་ཡུལ་གྱི་ཞིང་མཆོག་དབུ་ཁྲིད་དུ་ངོས་འཛིན་ གྱིས་གཟེངས་རྟགས་གྲགས་ཅན་དུ་མ་འབུལ་བཞེས་གནང་ཡོད།

མགོན་པོ་གང་ཉིད་ནས་འཛམ་གླིང་ཆོས་ལུགས་འདྲ་མིན་ལ་གུས་བརྩི་མཐོང་ཆེན་གནང་བ་མ་ ཟད། རང་ཉིད་ཀྱི་ཕ་མེས་དུས་ཀྱི་ཆོས་ལུགས་ལ་དད་གུས་དོན་གཉེར་དགོས་པའི་བཀའ་སློབ་ དང། ཆོས་ཀྱི་ནུས་སྟོབས་ཀྱིས་འཛམ་གླིང་ནས་ཞི་བདེ་སྐྲུན་པའི་བསླབ་བྱ་ཡོད་སྟབས་ ངེས་པར་དུ་སོ་སོའི་ཆོས་ལུགས་ལ་དང་ལེན་དགོས་ཐོག་ཆོས་ལུགས་གཞན་ལའང་མཐུན་ སྒྲིལ་དགོས་པའི་ལམ་སྟོན་གནང་བ་མ་ཟད། མགོན་པོ་གང་ཉིད་ཀྱིས་སྐུ་ངལ་ཁྱད་བསད་ཀྱིས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ གི་འགོ་ཁྲིད་རྣམས་ལ་མཇལ་འཕྲད་དང། ཆོས་ལུགས་ཁག་གི་བསྟི་གནས་སུ་༸ཞབས་སོར་བཀོད་དེ་སྤྱི་ཚོགས་ཞི་བདེ་འབྱུང་ཐབས་ སུ་ཕན་ཚུན་དགོངས་ཚུལ་བརྗེ་རེས་གནང་བར་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་དང་དེའི་ རྗེས་འབྲངས་པ་རྣམས་བཅས་སྐྱེ་བོ་དྲག་ཞན་ཀུན་ནས་དད་གུས་ཚད་མེད་ཞུས་དང་ཞུ་ བཞིན་པ་ཚང་མས་མཐོང་ཆོས་སུ་གྱུར་ཡོད།

བོད་གངས་ཅན་གྱི་ཞིང་ས་འདི་ཉིད་མགོན་པོ་གང་གི་གདུལ་ཞིང་དུ་བདག་གིར་བཞེས་ཏེ་ ཕས་བུ་ལ་གདམས་པ་བཞིན་གཞིས་བྱེས་བོད་མིའི་འདི་ཕྱི་འཕྲལ་ཡུན་གྱི་ཕན་བདེ་ཁོ་ ནར་དགོངས་ཏེ་མ་འོངས་བོད་ཀྱི་མདུན་ལམ་མང་གཙོ་ཡང་དག་པར་འཁྲིད་གནང་མཛད་རྒྱུའི་ རླབས་ཆེན་གྱི་དགོངས་གཞི་ལྟར་རང་རེ་བོད་མི་ཚང་མས་རང་དོན་རང་གཅེས་ཀྱིས་༸སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པའི་ཕྱོགས་སུ་ནུས་སྟོབས་ བསྐྱེད་དེ་མདུན་བསྐྱོད་བྱེད་དགོས་པ་དུས་ཀྱི་དགོས་མཁོ་གཙོ་ཆེ་ཤོས་དེ་ཡིན། མང་གཙོ་ཚད་ལྡན་ཞིག་ཡོང་རྒྱུར་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་དགོས་སྟབས་རིང་ མིན་བོད་མི་མང་སྤྱི་འཐུས་དང། བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་འདི་དག་མ་འོངས་བོད་མི་སྤྱིའི་མདུན་ལམ་ ལ་ཐད་ཀར་འབྲེལ་བ་ཆགས་ཡོད། གདམ་བྱ་འདེམས་བྱེད་ཀྱི་མགན་དབང་ཆ་ཚང་རང་ལག་ཏུ་ཡོད་དུས་རང་གིས་མ་འཕྱུག་པར་ མདའ་མོ་འབེན་འཁྱོལ་ཡོང་ཆེད་འོས་བསྡུའི་ལས་རིམ་ནང་ཞུགས་རྒྱུར་དང་ལེན་བྱེད་ དགོས་པ་ལས། འོས་བསྡུའི་སྐབས་རང་གིས་དོ་ཁུར་གང་ཡང་མེད་པར་ཕྱིས་སུ་མ་འགྲིག་མ་འཐུས་ཀྱི་ སྐད་ཅོར་སྟོང་བཤད་བྱེད་པ་ནི་མིག་ལྡན་གཡང་མཆོང་གི་དཔེ་ལས་མ་འདས་པས་ཚང་མས་ གཟབ་གལ་ཆེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་དང། བཀའ་བློན་ཁྲི་པ་བཅས་ཀྱི་གལ་གནད་ལ་བོད་མི་ཚང་མས་དགོངས་བཞེས་ཀྱིས་བོད་སྤྱིའི་ བདེ་དོན་ཆེད་ནུས་པ་འདོན་ཐུབ་པའི་སྤྱི་མི་ཚད་ལྡན་ཤ་སྟག་འོས་འདེམས་ཐུབ་རྒྱུར་ ཁུར་འགན་སྔར་བས་ཆེ་བ་བཞེས་དགོས་པའི་འབོད་བསྐུལ་ཤུགས་ཆེ་ཞུ་རྒྱུ།

ད་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ དུས་སྟོན་མཛད་སྒོ་ཟབ་རྒྱས་བོད་མི་འདུས་སྡོད་ས་གནས་ཚང་མར་ཞུ་བཞིན་པའི་ཉིན་ མོ་འདི་ནས་བཟུང་ལོ་འཁོར་མོར་རྣམ་དཀར་གྱི་ལས་འཆར་རིམ་པ་བཞིན་སྤེལ་རྒྱུར་རང་ གཞུང་བཀའ་ཤག་ནས་ཚོགས་ཆུང་ཟུར་འཛུགས་གནང་ཡོད་པ་བཞིན་གཙོ་ཆེ་༸སྤྱི་ནོར་༸གོང་ ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐྱེ་འགྲོ་སྤྱི་དང་བྱེ་བྲག་འཛམ་བུ་གླིང་པ་ རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་ཏུ་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང། རང་རེ་རྣམས་བསོད་ནམས་གསོག་པའི་སླད་བཅས་རྣམ་དཀར་གྱི་ལས་འཆར་ཁག་ལ་འཛམ་གླིང་ས་ ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ནས་དང་ལེན་དང་མཉམ་ཞུགས་གནང་དགོས་པའི་འབོད་ སྐུལ་ཞུ་རྒྱུ་བཅས།

མཐའ་དོན། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྤྱི་དང་བྱེ་བྲག་བོད་ གངས་ཅན་པའི་སྐྱེ་འགྲོའི་སླད་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་བསླུ་མེད་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ སྨོན་ལམ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱལ་ལོ་༢༡༣༧ ཕྱི་ལོ་༢༠༡༠ ཟླ་༧ ཚེས་༦ ལ་