
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༦ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་བོད་མིའི་སྒྲིག་འཛུགས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ “བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ། མང་གཙོ། གྲོས་མོལ། དབུ་མའི་ལམ་” ཞེས་པའི་ཚོགས་འདུ་ཞིག་དབུ་འཛུགས་གནང་བ་དང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག ལྡི་ལི་ཤིབ་ ན་དྷར་ (Shiv Nadar University) གཙུག་ལག་སློབ་གཉེར་ཀང་གི་སློབ་དཔོན་ཆེན་མོ་ཀ་ཝི་རི་ གྷིལ་ (Prof. Kaveri Gill la) ལགས། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། རྒྱ་གར་དང་ཕྱི་རྒྱལ་ནས་ཕེབས་པའི་ཚོགས་བཅར་བ་རྣམ་པ་བཅས་ཕེབས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། དེ་རིང་ང་ལ་བརྗོད་གཞི་གནང་བཞག་པ་དེ་གང་རེད་ཟེར་ན། བོད་རྒྱ་འབྲེལ་མོལ་གྱི་གལ་གནད་ཅེས་གསུངས་འདུག བོད་དང་རྒྱ་ནག་གཉིས་དབར་འབྲེལ་བ་བྱེད་དགོས་པའི་གལ་གནད་ཀྱི་འབྱུང་རྩ་དེ་གང་ཡིན་པ་དང་། ང་ཚོའི་དབར་འབྲེལ་མོལ་ཞིག་མ་བྱེད་པ་ཡིན་ན། དཀའ་ངལ་ཞིག་ཡོད་པ་དེ་གང་ནས་བྱུང་བ་རེད་ཟེར་ན། དེ་ང་ཚོ་བོད་ཀྱི་ཐོག་ནས་བྱུང་བ་ཞིག་རྩ་བ་ནས་མ་རེད། རྒྱ་ནག་ཕྱི་ལོ་ ༡༩༤༩ ལོར་དམར་ཤོག་ཅན་དུ་བསྒྱུར་རྗེས། མའོ་ཙེ་ཏུང་གིས་སྣེ་ཁྲིད་པའི་རྒྱ་གཞུང་གིས་བོད་ས་ཧམ་བཟུང་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་ཡིན་དུས་བོད་རྒྱའི་འབྲེལ་མོལ་གྱི་གལ་གནད་ཞེས་པའི་འོག་ལ། བོད་ཀྱི་རྒྱལ་རབས་དང་། རྒྱ་ནག་གི་རྒྱལ་རབས། ཕྱི་ལོ་ ༡༩༥༩ ནས་ ༡༩༧༩ བར་ང་ཚོས་བོད་རང་བཙན་རྩོད་པ་དང་། དེའི་རྗེས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་འཆར་འདོན་གནང་མཛད་པ་དང་། དེར་རྒྱ་ཆེའི་མང་ཚོགས་ཐོག་ནས་ཚད་མཐོ་པོའི་མང་མོས་ཀྱིས་རྒྱབ་སྐྱོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དབུ་མའི་ལམ་གྱི་ཐོག་ལ་ཕེབས་དགོས་པའི་བརྒྱུད་རིམ། དེ་དག་ཡོངས་རྫོགས་བརྗོད་གཞི་འདིའི་ནང་ལ་ཚུད་ཡོང་གི་ཡོད་རེད་དེ། མང་ཆེ་བ་དེ་དྲྭ་རྒྱའི་ནང་ཡོད་པ་དང་། དེ་བཞིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཐོག་ནས་ཡིག་ཆ་མང་པོ་ཕྱོགས་བསྒྲིགས་གནང་ནས་འགྲེམས་སྤེལ་གནང་གི་ཡོད་ཅེས་གསུངས་སོང་། དེ་ཚོའི་ནང་ཏན་ཏན་ཡོད་རེད། དེས་མ་ཟད། ཁྱེད་རྣམ་པ་ཚང་མ་ལོགས་དེའི་ཐོག་ལ་དོ་དབྱིངས་དང་ཐུགས་སྣང་ཡོད་པ་ཤ་སྟག་ཡིན་དུས། ཡང་བསྐྱར་ལྡབ་སྐྱོར་བྱས་ནས་བཤད་དགོས་པའི་རྒྱུ་མཚན་གང་ཡང་མིན་འདུག གང་ལྟར་ང་རང་ཚོའི་ཕྱོགས་ནས་ག་དུས་ཡིན་ནའང་། བོད་རྒྱ་འབྲེལ་མོལ་བྱ་རྒྱུ་སྒོ་ཕྱེ་ནས་བསྡད་ཡོད་ཀྱང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་ཐོག་ནས་དེར་ཆོད་སེམས་ཏན་ནས་སླེབས་ཀྱི་ཡོད་མ་རེད། ཁོ་ཚོའི་སེམས་ནང་བོད་རྒྱའི་དཀའ་རྙོག་དེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་པའི་སྐབས་ལ་སེལ་དགོས་པའི་གདེང་ཚོད་ཞིག་རྩ་བ་ནས་སླེབས་ཀྱི་ཡོད་མ་རེད། གདེང་ཚོད་མ་སླེབས་པའི་ཐོག འཛམ་གླིང་རྒྱལ་ཁབ་གང་འདྲ་ཞིག་དང་མཉམ་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཚོང་འབྲེལ་གྱི་འབྲེལ་བ་བྱེད་ཀྱི་ཡོད་ནའང་རེད། ཤེས་ཡོན་གྱི་འབྲེལ་བ་བྱེད་ཀྱི་ཡོད་ནའང་རེད། རིག་གཞུང་གི་འབྲེལ་བ་བྱེད་ཀྱི་ཡོད་ནའང་རེད། གང་ལྟར་རྒྱལ་ཁབ་དེ་ཚོར་ག་རེ་བཙན་བཀའ་གཏོང་གི་ཡོད་རེད་ཅེ་ན། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེར་ངོས་ལེན་བྱེད་དགོས་པའི་བཙན་བཀའ་གཏོང་གི་ཡོད་རེད། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་ང་ཚོས་ཤེས་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། རྩ་བའི་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ། ཐའེ་ཝན་དང་། རྒྱ་ནག ཨ་རི་བཅས་གསུམ་གྱི་བར་ལ་བཞག་པའི་གནད་དོན་ཞིག་རེད་མ་གཏོགས། དེའི་ནང་སྔ་ཕྱི་བར་གསུམ་དུ་བོད་ཀྱི་གནད་དོན་འབྲེལ་བ་ཡོད་མ་རེད། དེ་ང་ཚོས་ངེས་པར་དུ་ཤེས་དགོས་པ་རེད། རྒྱ་ནག་དམར་གཞུང་གིས་ཐའེ་ཝན་ལ་འཛིན་པའི་ལངས་ཕྱོགས་ཐོག་ལ། ཐའེ་ཝན་རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་ལན་རྒྱག་གི་ཡོད་རེད།

རྩ་བའི་འཛམ་གླིང་གི་མང་གཙོ་དོན་གཉེར་ཅན་དང་། གཞུང་གི་གནད་ཡོད་མི་སྣ་མང་པོ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་སྐབས། ང་ཚོས་གལ་ཆེན་པོས་ག་རེ་ཞུ་ཡི་ཡོད་ཟེར་ན། ཁྱེད་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པར་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། ཁྱེད་རྣམས་འདིར་ཕེབས་པ་དེས་གང་མཚོན་གྱི་ཡོད་རེད་ཟེར་ན། བོད་རྒྱའི་དཀའ་རྙོག་མ་སེལ་བར་ལྷག་བསྡད་ཡོད་པ་དང་། དེ་སེལ་བར་བྱེད་པ་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འབྲེལ་བ་བྱེད་དགོས་ས་དེ། བོད་མིའི་སྒྲིག་འཛུགས་དང་། བོད་མིའི་ངོ་ཚབ་འདི་ཡིན་པར་ཁྱེད་རྣམ་པས་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་ཡིན་དུས་ང་ཚོས་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། བོད་རྒྱའི་དཀའ་རྙོག་དེ་སེལ་དགོས་ཀྱི་ཡོད་ན། ང་ཚོ་ཡིན་ནའང་། རྒྱ་ནག་མཉམ་དུ་སྐད་ཆ་མ་བཤད་པར་འགྲོ་ས་གཅིག་དང་། རྒྱ་མི་ཡིན་ནའང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཡོད་བསྡད་པ་འདི་ལ་འབྲེལ་བ་མ་བྱས་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མེད་པ་དེར་ངོས་འཛིན་བྱེད་ཀྱི་ཡོད་དུས། ཁོང་རྣམས་ནས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱས་པའི་ཐོག་ནས་འདི་ལ་ཕེབས་ཀྱི་ཡོད་སྟབས། ང་ཚོས་དགའ་བསུ་ཞུ་ཡི་ཡོད་ཅེས་ཤོད་ཀྱི་ཡོད། རྒྱ་ནག་གཅིག་གི་སྲིད་བྱུས་དང་མཉམ་དུ། བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་འབུར་དུ་བཏོན་ནས་ཁས་ལེན་བྱེད་བཅུག་གི་ཡོད་རེད། རྒྱ་ནག་དམར་གཞུང་གིས་རྒྱལ་ཁབ་གཞན་ལ་ཚོང་འབྲེལ་སོགས་ཀྱི་འབྲེལ་བ་བྱས་ནས་དེ་ལྟར་ཁས་ལེན་བྱེད་བཅུག་གི་ཡོད་རེད། གཞི་རྩའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་ཀྱི་བདག་དབང་བྱ་རྒྱུའི་རྒྱལ་རབས་ཀྱི་ཐོག་ནས་ཐོབ་ཐང་མེད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཐོབ་ཐང་མེད། དེ་བས་བཟང་སྤྱོད་ཀྱི་ཐོག་ནས་ཐོབ་ཐང་མེད། དེའི་ནང་ནས་ཁོང་ཚོས་སོ་སོར་བདག་དབང་མེད་པ་དེར། རྒྱལ་ཁབ་གཞན་གྱི་ངོས་ལེན་གྱི་ཐོག་ནས་ལེན་ཐབས་ཀྱི་འབད་བརྩོན་བྱེད་བསྡད་ཀྱི་ཡོད་རེད། དེ་གནད་འགག་ཆེན་པོ་ཞེ་པོ་བརྩི་དགོས་ཀྱི་ཡོད་རེད། དཔེ་མཚོན་ཙམ་ཞིག་ཞུས་ན། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༢ པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཌན་མག་ལ་ཆིབས་བསྒྱུར་བསྐྱངས་སྐབས། ཌན་མག་གི་སྲིད་བློན་དང་། ཕྱི་སྲིད་བློན་ཆེན་གྱིས་ཕེབས་བསུ་སྣེ་ལེན་ཞུས་ཡོད་རེད། དེར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐྱོན་བརྗོད་ངོ་རྒོལ་ཤུགས་ཆེ་བྱས་པར་བརྟེན་ནས། ཌན་མག་གཞུང་གི་ཐོག་ནས་ ༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༩ ཉིན་བོད་ཀྱི་གནད་དོན་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ང་ཚོས་ཧ་གོ་སོང་། རྒྱ་ནག་གིས་ངོ་རྒོལ་བྱས་པ་དེར་ཧ་ཅང་གི་ཛ་དྲག་པོ་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད། དེ་ཡིན་དུས་ང་ཚོའི་གཞུང་གི་ཐོག་ནས་རྒྱ་ནག་གི་འདོད་པ་གཙོ་བོ་ (Core Interest) གལ་ཆེན་པོ་བརྩིས་པའི་ཐོག་རྒྱ་ནག་གཅིག་གི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་ཡོད་ཅེས་གསལ་སྟོན་དང་། བོད་ལ་རྒྱ་མིར་བདག་དབང་ཡོད་པའི་སྐོར་ཁས་ལེན་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་རེད། དེ་ལྟར་རྒྱལ་ཁབ་མང་པོ་ཞིག་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ཆེད་དུ་རྒྱ་ནག་གི་གནོན་ཤུགས་ལ་བསྟུན་དགོས་པ་ཆགས་ཀྱི་ཡོད་རེད།

བོད་བཙན་པོའི་དུས་རབས་སྐབས་ཀྱི་སྟོབས་ཤུགས་དང་། ལྷག་པར་ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་སྐབས་བོད་རྒྱ་གཉིས་ཐ་དད་ཡིན་པའི་རྡོ་རིང་བཙུགས་ཡོད་པ་སོགས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་དང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ། རྒྱལ་ཁབ་དབར་ཆིངས་ཡིག་བཞག་རྒྱུས་མཚོན་པའི་རྒྱལ་སྤྱིའི་ནང་འབྲེལ་བ་གནང་འགོ་བཙུགས་ཡོད་ཅིང་། ལྷག་པར་དུ་ཕྱི་ལོ་ ༡༩༡༣ ལོར་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་མཛད་ཡོད་པ། དེ་ཡིན་དུས་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཕྱི་ལོ་ ༡༩༡༣ ནས་ ༡༩༥༠ བར་བོད་འདི་རང་དབང་རང་བཙན་གཙང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་རེད། དེ་སྔ་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་སྐབས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional Executive Commission on China) མདུན་དུ་ “བོད་ཀྱི་དཀའ་རྙོག་སེལ་ཐབས་ཐོག་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ཅིག་ཚོགས་པ་རེད། སྐབས་དེར་ལོ་རྒྱུས་རིག་པའི་སློབ་དཔོན་དང་ཉམས་ཞིབ་པ་སྐུ་ཞབས་ཧོན་ཤིང་ལའུ་ (Hon-Shiang Lau) ལགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆར་ཉམས་ཞིབ་བྱས་པར། བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་སུ་མིན་པའི་སྐོར་གསུངས་པ་དང་། ད་ཆ་ཁོང་གིས་བརྩམས་པའི་ཉམས་ཞིབ་དེབ་འདི་པར་བསྐྲུན་ཟིན་པ་རེད། དེ་བཞིན་སྐབས་དེར་ཉན་ཞིབ་ལ་བཅར་མཁན་ཀི་རི་ཊ་ (Kreddha) ཞེས་པའི་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་སྐུ་ཞབས་མཧི་ཀལ་ཝན་ཝལ་ཊ་ (Michael Van Walt) ལགས་ཀྱིས་བོད་ཀྱི་གནས་བསྡུས་ཉི་ཤུ་ཉི་ཤུ་ (The Tibet Brief 20/20) ཞེས་པ་བརྩམས་གནང་ཡོད་རེད། དེ་དག་ལ་ང་ཚོ་ཚང་མས་བལྟ་ཀློག་བྱས་པ་ཙམ་མ་ཟད། སོ་སོ་བསྡད་སར་ཡོད་པའི་དཔེ་མཛོད་ཁང་ཚང་མའི་ནང་དེབ་དེ་དག་སླེབས་ཐུབ་པ་བྱ་དགོས་པ་གལ་ཆེན་པོ་རེད།

དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པ་དེས། བོད་རྒྱའི་འབྲེལ་མོལ་ལ་གནོད་ཀྱི་ཡོད་པ་དེ་གང་ནས་ར་འཕྲོད་ཀྱི་རེད་ཟེར་ན། ལྕམ་སྐུ་ཨ་ཛི་རཱ་ ཛེ་ཡ་ (Uzra Zeya) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱུང་རྗེས། ཨ་རིའི་གྲོས་ཚོགས་འཐུས་མི་བཅུ་དྲུག་གིས་ཁོང་ལ་ཞུ་ཡིག་ཅིག་ཕུལ་ཡོད་རེད། དེའི་ནང་ཚང་མ་བོད་དང་འབྲེལ་བའི་གནད་དོན་རྐྱང་རེད། དེའི་ནང་ཚན་བོད་ཀྱི་གནད་དོན་ (Tibet Status) ཞེས་པ་ཞིག་ཡོད་རེད། དེའི་ནང་ག་རེ་ཡོད་རེད་ཟེར་ན། ཕྱི་ལོ་ ༢༠༢༠ ལོའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་དེའི་ནང་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་འཁོད་མིན་འདུག་པ་དེར་ལེགས་སོ་ཞུ་གི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་། བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་ཙམ་མ་ཟད། འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་རྒྱ་འབྲེལ་མོལ་བྱ་རྒྱུའི་ཆ་རྐྱེན་ལ་བཞག་ཡོད་རེད། ཆ་རྐྱེན་བཞག་པ་དེར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་ཀྱི་བདེན་དཔང་མེད་པའི་སྐྱག་རྫུན་འདི་འདྲ་བཤད་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་འདི་རྒྱ་མིའི་ཆ་ཤས་ཡིན་ཟེར་བ་འདིར་རྒྱལ་ཁབ་མང་པོས་ངོས་ལེན་བྱས་པ་དེས། བོད་རྒྱའི་འབྲེལ་མོལ་ལ་གནོད་ཀྱི་འདུག་ཅེས་གསུངས་ཡོད་རེད། བོད་རྒྱ་འབྲེལ་མོལ་བྱུང་མ་ཐུབ་པ་དེ། རྒྱ་ནག་དམར་གཞུང་གིས་སྐྱག་རྫུན་འཁྱོག་བཤད་ལས་བྱུང་བ་ཡིན་དུས། ང་ཚོས་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་ལྕོགས་དགོས་ཀྱི་རེད། བོད་ཀྱི་འཐབ་རྩོད་དེ་མི་རིགས་ཤིག་གི་འཐབ་རྩོད་ཡིན་པས། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ཁག་ལ་མུ་མཐུད་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་རེད་སོགས་གསུངས་སོང་།
གཞན་ཡང་མཛད་སྒོའི་ཐོག་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག་གིས་བོད་རྒྱ་འབྲེལ་བ་དང་ད་ཡོད་རྒྱ་ནག་སྲིད་གཞུང་འོག་ཏུ་བོད་ཀྱི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སོང་།
