བོད་རིགས་གཞོན་སྐྱེས་ཤིག་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པ།

འདི་གར་གནས་ཚུལ་འབྱོར་གསལ་ལ། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉེན་གྱི་ཕྱི་དྲོ་བོད་ཀྱི་དུས་ཚོད་ ༦།༣༠ ཙམ་ལ། བོད་ཨ་མདོ་རྔ་པ་རྫོང་གཅའ་ཞང་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་བུ་རྡོ་རྗེ། རང་ལོ་ ༡༨ ཡིན་པ་ཕ་མིང་ལ་ཅཱ་ཅཱ་ཞུ་བས་ཁོང་གིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ཟམ་ཁ་ཞིག་ནས་གཅའ་ཞང་གི་རྒྱ་མིའི་ལས་ཁུངས་ཡོད་སར་གོམ་བགྲོད་གནང་ཡོད་པ་རེད་འདུག

དཔའ་བོ་རྡོ་རྗེ་ལགས་ཀྱི་དཔའ་མཛངས་ལྡན་པའི་ཞི་བའི་ལས་འགུལ་སྤེལ་སྐབས་དུས་ཐོག་རྒྱའི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སོགས་སླེབས་མེད་པ་དང་། ས་གནས་བོད་མི་རྣམས་ཀྱིས་ཁོང་གི་ལུས་པོར་འབར་བཞིན་པའི་མེ་མ་བསད་པར་འབར་བཅུག་ཡོད་སྟབས་མེས་ཤུགས་ཆེན་པོ་ཚིགས་ཏེ་སྐབས་ཐོག་དེར་ཁོང་སྐུ་གྲོངས་ཡོད་པ་དང་། བོད་མི་རྣམས་ཀྱིས་ཕུང་པོ་ཁྱེར་བརྩིས་བྱས་སྐབས་ཉེན་རྟོག་པ་སོགས་སླེབས་ཏེ་སྐུ་ཕུང་བཙན་འཕྲོག་གིས་རྔ་པ་རྫོང་དུ་ཁྱེར་ཡོད་པ་རེད་འདུག

དེ་བཞིན་འདི་ཟླའི་ཚེས་ ༣ ཉིན་བོད་མདོ་སྨད་རྨ་ཆུ་སྨད་མའི་ཕ་བསོད་ནམས་ཡེ་ཤེས་ཀྱི་བུ་མོ་ལོ་ ༡༩ ཅན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱིས་རྨ་ཆུ་རྫོང་སྔོ་ཚོད་ཁྲོམ་རར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པ་དང་། ཡང་ཚེས་ ༤ ཉིན་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ལམ་དཀར་ཚང་གི་མནའ་མ་རང་ལོ་ ༣༢ ཡིན་པ་རིན་ཆེན་ཞུ་བས་བོད་ནང་གི་སྔ་དྲོ་ཆུ་ཚོད་༦།༣༠ ཙམ་ལ་བོད་དོན་འབོད་ཚིག་བསྒྲགས་ཏེ་རང་ལུས་མེར་སྲེག་བཏང་ནས་ས་གནས་དེ་རང་ལ་སྐུ་གྲོངས་པ་སོགས་མདོར་ན། འདས་པའི་ཉིན་མ་གསུམ་གྱི་དུས་ཡུན་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་དྲག་གནོན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་དང་སྦྲགས། བོད་མི་གསུམ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་པའི་གནས་ཚུལ་བྱུང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་རིམ་བཞིན་གསར་འགོད་གསལ་བསྒྲགས་རིམ་སྤེལ་བྱས་ནས། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་རེ་འདུན་མང་པོ་ཞུས་དང་ཞུ་བཞིན་ཡོད་རུང་། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་བོད་མི་ཚོའི་དགོས་འདུན་དང་། བོད་མིའི་སྒྲིག་འཛུགས་ཀྱི་རེ་འདུན་བཅས་ལ་བསམ་ཞིབ་བྱེད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་བོད་ནང་དྲག་ཆས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་དང་། བོད་མི་ཚོར་ཚད་ལས་བརྒལ་བའི་མནར་གཅོད་དྲག་པོ་བཏང་དང་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་དེ་ལ་བསྒྱུར་བཅོས་མ་བཏང་ན། བོད་ནང་རང་ལུས་མེར་སྲེག་སོགས་ཀྱི་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ནས་འཁྱེར་དགོས་ཞེས་སླར་ཡང་ཤུགས་དྲག་ཆེན་པོས་ནན་བརྗོད་བྱ་རྒྱུ་ཡིན།

ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་བརྩི་ཆེན་འཛིན་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག གནད་ཡོད་མི་སྣ། མང་ཚོགས་བཅས་ཀྱིས། བོད་ནང་སྐྱ་སེར་དང་ཕོ་མོ་དབྱེར་མེད་ལང་ཚོ་དར་ལ་བབས་པ་མང་པོས་རང་ལུས་མེར་སྲེག་གིས་ལས་འགུལ་གཅིག་མཇུག་གཉིས་མཐུད་སྤེལ་ཏེ། རང་གི་ཚེ་སྲོག་ཚུན་བློས་བཏང་བྱས་ཏེ་མེ་ལྕེ་དམར་པོའི་ཁྲོད་ནས་༧གོང་ས་མཆོག་བོད་དུ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་ནས་རྐྱེན་འདས་སུ་འགྲོ་བཞིན་ཡོད་པ་དེ་དག་གི་རེ་འདུན་ལ་བདག་སྤྲོད་ཡོང་བར་འབྲེལ་ཡོད་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྔར་བཞིན་འབོད་སྐུལ་ཞུ་རྒྱུ་ཡིན།

ད་རེས་གོ་སྐབས་འདི་བརྒྱུད་བོད་དུ་རང་དབང་ཅན་གྱི་རྒྱལ་སྤྱིའི་གསར་འགོད་པ་དང་། རྒྱལ་སྤྱིའི་ཞིབ་འཇུག་ལྷན་ཚོགས་འཕྲལ་མར་བཏང་སྟེ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་རེ་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༦ ལ།