བོད་མིའི་སྤྱི་མཐུན་མཉམ་འབྲེལ་དབུ་བརྙེས་ཏེ་ལོ་ངོ་ ༡༠ འཁོར་བའི་དུས་དྲན་མཛད་སྒོར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་གདན་ཞུས་ལྟར་ཕེབས་པ།

 

tsoktso pictureཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༠ ཉིན་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེབ་སྐྱེལ་ཐོག་དབུ་བཙུགས་ནས་ལོ་ངོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་གཙོ་སྐུ་ཞབས་ Dinesh མཆོག་བཅས་གདན་ཞུ་གནང་ཡོད་ཅིང་། ད་དུང་སྐུ་མགྲོན་ཁོངས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞན་ཡང་རྡ་ས་ཁུལ་སྡེ་ཚན་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་གདན་ཞུས་ལྟར་ཕེབས་ཡོད་པ་རེད།

བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་མཆོག་གིས་མཛད་རིམ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་བ་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།

སྐབས་དེར་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། སྤྱི་མཐུན་མཉམ་འབྲེལ་ཁེ་བཟང་གི་གནས་སྟངས་ཐོག་འགྲོ་ཐུབ་པ་འདི་ད་ལྟའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཐུགས་འགན་ཡག་པོ་བཞེས་པ་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་ཚགས་ཚུད་ཡོང་བར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འདེམས་ཕྱོགས་ཐད་ཚོང་གི་གོ་རྟོགས་ཡོད་པའི་མི་འདེམས་དགོས་པ་དང་། ལས་དོན་བྱེད་པའི་སྐབས་ལའང་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་སྐབས་དོན་གནས་བབ་དང་བསྟུན་ཏེ་ལས་དོན་སྤེལ་དགོས་པ་ཡིན་ཞེས་དང་། ཡང་སྤྱི་མཐུན་མཉམ་འབྲེལ་གྱི་དམིགས་ཡུལ་ཤས་བདག་མང་ཚོགས་ཀྱི་ཁེ་ཕན་གཅིག་པུ་མིན་པར་གཞིས་ཆགས་སྲ་བརྟན་གནས་ཐབས་སུ་ཕྱག་ལས་ག་རེ་གནང་རྒྱུ་འདུག་གཟིགས་དགོས་སྐོར། གཞིས་ཆགས་སྲ་བརྟན་ཡོང་བར་གཞིས་ཆགས་ནང་ཚོགས་པ་ཇི་ཙམ་མང་བ་དེའི་ཚོད་ཀྱིས་དེ་དང་འབྲེལ་བའི་ལས་གཞི་རྒྱ་ཆེ་ཙམ་བསྐྲུན་དགོས་པ་ཡིན། གཞིས་ཆགས་ཁག་གི་གཞོན་སྐྱེས་རྣམས་རྒྱལ་ས་དང་། ཕྱི་ཁག་ལ་བསྐྱོད་ཐོན་གྱིས་གཞིས་ཆགས་སྲ་བརྟན་ལ་གནོད་པས་མཉམ་འབྲེལ་གྱིས་དེ་རིགས་ལའང་བསམ་བློ་གཏོང་དགོས་སྐོར། མི་མང་གི་བདེ་དོན་ལ་རོགས་འདེགས་ཕྱིར་མཉམ་འབྲེལ་ནས་ནང་སྲིད་ལ་ཕྱག་རོགས་ཞུ་ཐུབ་པ་དང་། tsoktsoསྤྱི་མཐུན་མཉམ་འབྲེལ་གྱིས་མཉམ་འབྲེལ་ཚང་མར་ཕན་ཐོགས་དགོས་རྒྱུ་གལ་ཆེའི་སྐོར། སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་སོགས་གསལ་ཤེས་ཡོང་སླད་ལོ་རེའི་ལས་བསྡོམས་ཀྱི་ངོ་བཤུས་རེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སོགས་ལ་འགྲེམས་འབུལ་ཞུ་ཐུབ་ན་དགེ་མཚན་ཡོད་སྐོར་སོགས་བཀའ་སློབ་ལམ་སྟོན་ཞིབ་རྒྱས་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་གཙོ་སྐུ་ཞབས་ Dinesh ལགས་ཀྱིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེ་ཉིད་ཡར་རྒྱས་ཀྱི་རྣམ་པར་དགའ་བསུ་ཡོད་སྐོར་སོགས་དང་། ཁོང་གིས་མཐུན་འགྱུར་གནང་འོས་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་སྐབས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་གྱི་སྒྲིག་འཛུགས་ཤིག་ཡིན་པས། ལས་དོན་ཞུ་སྒོ་ཚང་མ་བཅའ་ཁྲིམས་རིན་པོ་ཆེ་དང་མི་འགལ་བའི་ཐོག་ནས་བྱ་གལ་ཞེས་དང་། ནང་སྲིད་ལས་ཁུངས་ནང་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་ཞེས་པ་ཞིག་ཡོད་པ་ཡིན་ནའང་། ལས་དོན་ཞུ་སྒོའི་འགན་འཁུར་ཆ་ཚང་སྤྱི་མཐུན་མཉམ་འབྲེལ་རང་གིས་ལེན་གྱི་ཡོད་སྐོར། དགའ་ལྡན་ཕོ་བྲང་ནས་མཉམ་འབྲེལ་དང་འབྲེལ་བའི་གང་སར་གསོལ་སྩལ་གནང་ཡོད་སྐོར། ནང་སྲིད་ལས་ཁུངས་ནས་ཀྱང་ཧིན་སྒོར་འབུམ་སུམ་རྒྱ་ལྷག་སྐྱེད་ཆུང་བུན་གཡར་གནང་ཡོད་གནས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་བཀའ་སློབ་ལྟར་ལས་དོན་ཁག་བསྒྲུབས་དང་སྒྲུབ་བཞིན་ཡོད་ཅེས་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་མཆོག་གིས་གསུངས་པ་ཤིན་ཏུ་ལེགས་པས་མུ་མཐུད་དེ་དོན་ལྟར་གནང་དགོས་པ་སོགས་བཀའ་སློབ་ལམ་སྟོན་དང་། མཐའ་དོན་སྤྱི་མཐུན་མཉམ་འབྲེལ་གྱི་ལས་འགན་འགྲུབ་ཡོད་པར་བཀྲ་ཤིས་བདེ་ལེགས་ཡོད་གསུངས།

སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་སྔ་མཉམ་འབྲེལ་ཁག་གྱོང་གུན་གྱི་གནང་སྐབས་བྱུང་ཡོད་ནའང་། ད་ཆ་མཉམ་འབྲེལ་ཁེ་བཟང་ཐོག་འགྲོ་དང་འགྲོ་བཞིན་པར་བསྔགས་བརྗོད་ཡོད་པ་དང་། ད་དུང་བོད་མིའི་ཆོས་རིག་དང་སྤྱི་ཚོགས་ཀྱི་བདེ་ཐབས་ཡར་རྒྱས་ཐོག་ཤུགས་གནོན་བརྒྱབ་དགོས་སྐོར། ཁྲོམ་རའི་ཁེ་བཟང་ཆེན་པོ་རག་པ་ལེགས་ཀྱང་། དེ་བས་གཞིས་ཆགས་ཁག་ནང་ལས་གཞི་འཛུགས་ཐབས་དགོས་གལ་ཆེ་སྐོར། ད་ཕན་ཤས་བདག་མང་ཚོགས་ལ་དངུལ་དངོས་ཀྱི་ཁེ་ཕན་གང་དང་ཇི་ཙམ་འཐོབ་ཡོད་མེད་འདྲི་ཚིག་ངོ་བོར་གསུངས་པ། མཉམ་འབྲེལ་གྱི་ལས་དོན་ནང་སྐྱེས་པ་དང་བུད་མེད་གཉིས་ཀས་དཀའ་ལས་བརྒྱབས་ཏེ་ཡོང་འབབ་ལྡབ་འགྱུར་འགྲོ་བ་སོགས་བཀའ་སློབ་ལམ་སྟོན་ཞིབ་གསལ་གནང་།

མཐར་བོད་མིའི་སྤྱི་འཐུས་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་མཆོག་གིས་སྐུ་མགྲོན་རྣམ་པའི་གསུང་བཤད་དང་འབྲེལ་བ་སོགས་ལ་གསལ་བཤད་ཐུང་ཙམ་དང་བཅས་མཇུག་ཏུ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཞིང་། སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་རྣམ་པ། གསར་འགོད་པ་རྣམ་པ་བཅས་ལ་ཉིན་གུང་གསོལ་སྟོན་ཞིག་ཀྱང་འདེགས་འབུལ་ཞུས་ཡོད་པ་བཅས།

 

 

Menu