ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༣ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ཡུ་རོབ་མཐུན་ཚོགས་ཀྱི་ལྟེ་གནས། སྦེལ་རྗམ་གྱི་རྒྱལ་ས་བྷུ་རུ་སལ་ (Brussels) དུ་འབྱོར་ཞིང་། སྐབས་དེར་སྦེལ་རྗམ་བོད་རིགས་མི་མང་དང་བོད་མི་རྣམས་ཀྱིས་ཕེབས་བསུ་དང་སྣེ་ལེན་ཞུས་གནང་། ཉིན་གུང་གསོལ་ཚིགས་ཀྱི་སྐབས་ཧྥན་ཌིཀ་ནོ་མེན་ཐེབས་རྩའི་སྦེལ་རྗམ་ས་གནས་ཀྱི་འགན་འཛིན་ཇུ་ལེ་སི་མཱ་ཊན་(Mr. Jules Maaten, Regional Head, FNF,) མཆོག་དང། ཡུ་རོབ་སྤྱི་མཐུན་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལྕམ་ཀཱ་ཏཱན་ལིན་(Ms Dr. Katanlin Cseh, Vice Chair of Renew Europe, Committee on Foreign Affairs and Subcommittee on Human Rights in the EP) མཆོག ཡུ་རོབ་མཐུན་ཚོགས་ཀྱི་ཆབ་སྲིད་གནས་སྟངས་སྐོར་ཉམས་ཞིབ་པ་སྐུ་ཞབས་ཇེམ་སི་མོ་རཱན་(Mr James Moran, Associate Senior Research Fellow, Centre for European Policy Studies) བཅས་ཀྱི་མཉམ་དུ་བོད་དོན་ངོ་སྤྲོད་དང་དོགས་འདྲི་ཁག་ལ་ལན་འདེབས་བྱས།
ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལཱས་ (Mr. Mikulas Peksa, President of Tibet Interest Group,) མཆོག་གིས་གཙོས་ཡུ་རོབ་གྲོས་ཚོགས་འཐུས་མི་གྲངས་བཞི་དང་། གྲོས་ཚོགས་འཐུས་མིའི་སྐུ་ཚབ་ལས་བྱེད་བཅས་གྲངས་བདུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་གཉིས་དང་མཉམ་བོད་དོན་སྐོར་གནས་ཚུལ་ངོ་སྤྲོད་ཞུ་སྐུལ་གྱི་ཚོགས་འདུ་ཞིག་འཚོགས། སྐབས་དེར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་སྐོར་ཞུ་སྐུལ་གྱི་སྙན་ཞུ་ཡིག་ཐོག་ནས་ཕུལ་བ་མ་ཟད། ངག་ཐོག་ནས་ཀྱང་འགྲེལ་བཤད་ཞུས།
ཆུ་ཚོད་ ༤།༣༠ ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་སྐུ་ཚབ་ཏུ་ཕེབས་པ་ཡུ་རོབ་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྐུ་ཞབས་ཨ་ལེ་སཱན་ཌོ་ (Mr Alessandro Chiocchetti, Head of Cabinet, President of the European Parliament) མཆོག་དང་མཇལ་འཕྲད་དང། ཁོང་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་གོ་སྒྲིག་དང་སྣེ་ལེན་ཟབ་རྒྱས་གནང་སོང་བ་མ་ཟད། ཚོགས་ཁང་དུ་ཡུ་རོབ་མཐུན་ཚོགས་དང་བོད་ཀྱི་རྒྱལ་དར་མཉམ་དུ་སྒྲེང་འཛུགས་གནང་འདུག
སྐབས་དེར་བོད་ནང་དུ་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཇི་ལྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་དང་། མ་འོངས་པར་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཐབས། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་མཉམ་དུ་འབྲེལ་བ་གནང་སྟངས་ཐབས་བྱུས་ཐོག་ལ་བསྐྱར་ཞིབ་དགོས་རྒྱུ་དུས་ལ་བབ་ཡོད་པ་བཅས་ཀྱི་སྐོར་གྲོས་བསྡུར་ཞུས་པ་དང་། ཁོང་གིས་བོད་དོན་སྐོར་ལ་ཐུགས་སྣང་ཆེན་པོ་གནང་སོང་བ་མ་ཟད། གཙོ་བོ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་གནང་ཐུབ་པའི་འབོད་སྐུལ་གསོལ་འདེབས་ཀྱང་ནན་ཞུས་གནང་སོང་།
དགོང་མོ་ཆུ་ཚོད་ ༦།༣༠ ཙམ་ལ་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ནེ་དྷར་ལེཎྜ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཆེད་བཅར་ཞུས་པ་ལྟར། ས་གནས་ཀྱི་ལས་འཆར་ཁག་དང་འབྲེལ་བའི་སྐོར་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་ཞུས་སོང་།
དགོང་མོའི་གསོལ་ཚིགས་སྐབས་འཇར་མན་དང། ནེ་དྷར་ལེཎྜ། སྦེལ་རྗམ། ཧང་གེ་རཱི། ཧྥ་རན་སི། ཡུག་ཀི་རེན་སོགས་ཀྱི་སྐུ་ཚབ་ཁྱོན་བསྡོམས་མི་གྲངས་ ༡༢ དང་མཉམ་དུ་བོད་དོན་སྐོར་གྲོས་བསྡུར་བྱས།།