བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་སྐུ་ཞབས་ཇེ་ཨེམ་མུ་ཁི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་གསོ་གནང་བ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༢ རེས་གཟའ་ཟླ་བ་ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ (Supreme Court) གི་ཁྲིམས་རྩོད་པ་བགྲེས་པ་དང་། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་ཁྲིམས་ཀྱི་སློབ་སྟོན་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་སྐུ་ཞབས་ཇེ་ཨེམ་མུ་ཁི་ (J.M. Mukhi) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ཕྱི་ལོ་ ༡༩༧༠ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་གནང་མཁན་དང་། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ཇེ་ཨེམ་མུ་ཁི་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་བྱུང་། དམ་པ་ཁོང་ནི་རྒྱ་གར་སྤྱི་ཚོགས་ནང་སྙན་གྲགས་ཆེ་བའི་ཁྲིམས་རྩོད་པ་ཞིག་ཡིན་པ་མ་ཟད། ཁོང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཐོག་མར་གསར་འཛུགས་གནང་སྐབས་ཁྲིམས་དང་སྒྲིག་གཞི་བཟོ་རྒྱུའི་ཐོག་ལམ་སྟོན་གནང་ཡོད།

གཞན་ཡང་དམ་པ་ཁོང་གིས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་ཐེངས་ཁ་ཤས་མཇལ་འཕྲད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་གནད་དོན་མང་པོར་ལམ་སྟོན། བོད་པའི་ཁྲིམས་རྩོད་པ་མང་པོར་ཁྲིམས་ཀྱི་ཉམས་གསོག་གནང་རྒྱུའི་གོ་སྐབས་གནང་སྟེ་ཁྲིམས་ཀྱི་སྦྱོང་བརྡར་གནང་བ། བོད་དོན་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་མང་པོའི་ནང་མཉམ་ཞུགས་ཀྱིས་གསུང་བཤད་གནང་བ་སོགས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །