བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་དགྲ་བོ་རྒྱ་དམར་གྱིས་བོད་ཡུལ་བཙན་བཟུང་དང་། བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པར་ཆོལ་གསུམ་བོད་མི་སེར་སྐྱ་ཁྲི་ཕྲག་བརྒལ་བས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༣ འཁོར་བའི་དུས་དྲན་གྱི་ཉིན་མོ་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཡང་ཆགས་ཀྱི་ཡོད། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྗེས་དྲན་གྱིས་གུས་འདུད་དང་སྨོན་ལམ་ཞུ་རྒྱུ་མ་ཟད། རྒྱ་གཞུང་གི་བཙན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།

དེ་ཡང་ཐོག་མར་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཟེར་བ་གསར་དུ་བཙུགས་མ་ཐག་ནས་བོད་ནང་དྲག་པོའི་དམག་དཔུང་བཙན་འཛུལ་གྱི་འགོ་བརྩམས་ཤིང་། བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བསྒྲགས་ཏེ་ཁྱིམ་མཚེས་རྒྱལ་ཁབ་བོད་འདི་བཞིན་རྒྱལ་སྤྱིའི་ཁྲིམས་སྒྲིག་ཡོངས་སུ་བརྩི་མེད་ཀྱིས་དྲག་པོས་བཙན་བཟུང་བྱས་ཤིང་། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་གི་འོག་འཇོག་དགོས་བྱུང་བ་མ་ཟད། རིམ་པས་རྒྱ་གཞུང་དབང་འཛིན་པས་གྲོས་མཐུན་དོན་ཚན་ཁག་ལ་རྩིས་མེད་ཀྱིས་དམངས་གཙོ་བཅོས་བསྒྱུར་ཟེར་བ་སོགས་དངོས་ཡོད་གནས་ཚུལ་དང་མི་འཚམས་པའི་སྲིད་བྱུས་བཙན་འགེལ་ལག་བསྟར་གྱིས་བོད་ཀྱི་ཆོས་དང་། རིག་གཞུང་ལ་རྩིས་མེད་རྡོག་རོལ་དང་། བོད་མི་དམར་གསོད་དང་སུན་གཙེར་ཚད་མེད་བཏང་ཞིང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བསྡོ་བའི་བྱ་ངན་བརྩམ་རྩིས་བྱས་པར། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་ཚོགས་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་བྱུང་ཡོད། མི་མང་སྒེར་ལངས་ཀྱི་ཉིན་མོ་དེ་ནས་བཟུང་བོད་མི་རྣམས་ནས་མ་སྐུལ་དྭངས་བླངས་ཐོག་རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་དང་བཅས་པ་རྩ་མེད་གཏོང་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་སྣ་ཚོགས་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད།

འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་རྒྱ་དམར་གཞུང་གིས་བོད་ནང་ཟིང་འཁྲུག་ལྷིང་འཇགས་དང་། དམངས་གཙོའི་བཅོས་བསྒྱུར། གྲལ་རིམ་འཐབ་རྩོད། མི་དམངས་སྤྱི་ཁང་། རིག་གནས་གསར་བརྗེ། དམག་ཁྲིམས་བསྡམས་པ་ཟེར་བ་སོགས་བརྒྱུད་བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་འདས་སུ་བཏང་བ་དང་། དགོན་སྡེ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་འཕྲོག་གསུམ་ཡ་ང་བ་བྱས་ཡོད་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་བྱུས་ངན་རྒྱུན་ཆད་མེད་པར་བཤམས་ཏེ། བོད་རྒྱལ་ཁབ་ཀྱི་བདག་པོ་བོད་མི་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་རང་དབང་ཚུན་ཆད་བཙན་འཕྲོག་བྱས་ཏེ་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དམྱལ་བ་མི་ཡུལ་ལ་འཕོས་པ་ལྟ་བུའི་སྡུག་སྦྱོང་དང་མནར་གཅོད་ཚད་མེད་བཏང་བ་མ་ཟད་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད།

བོད་མི་རྣམས་ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱས་དང་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་ལ་འདོད་མོས་མེད་ཅིང་། ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་དགོས་བྱུང་བ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བར་རྒྱ་གཞུང་ནས་དྲག་པོའི་དཔུང་དམག་གིས་གོ་མཚོན་བེད་སྤྱོད་བྱས་ཏེ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཚབས་ཆེའི་རྡུང་རྡེག་འོག་རང་རིགས་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོ་དམར་གསོད་དང་། སྟོང་ཕྲག་མང་པོ་གར་སོང་ཆ་མེད། འཛིན་བཟུང་བཙོན་འཇུག་སོགས་ཀྱིས་མནར་གཅོད་ཚད་མེད་བཏང་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ལོར་གྲྭ་བཀྲ་བྷེ་ནས་བཟུང་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༥ ཉིན་གཞས་པ་ཚེ་དབང་ནོར་བུས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད། ད་བར་བོད་མི་གྲངས་ ༡༥༦ གིས་རང་ལུས་མེར་བསྲེགས་བཏང་སྟེ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་མིར་རང་དབང་དགོས་པ་སོགས་དགོས་འདུན་བཏོན་ཅིང་དེ་སྔོན་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བློས་གཏོང་ཆེན་པོ་བྱས་ཡོད་ཀྱང་། རྒྱ་གཞུང་གི་འགོ་ཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་རྣམས་རྫུན་སྒྲིག་འཁྱོག་བཤད་ཁོ་ནས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དངོས་ཡོད་གནས་སྟངས་འགེབས་སྲུང་བྱས་ཏེ་དྲིལ་བསྒྲགས་གང་བྱུང་བྱེད་བཞིན་ཡོད།

དེང་གི་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་དམར་པོའི་རིང་ལུགས་དྲིལ་བསྒྲགས་དང་བསམ་བློ་གཅུན་སྡོམ་གྱི་ལས་ཀའི་ནུས་ཤུགས་འཕར་མ་ལག་བསྟར་བྱས་ཏེ། དབང་ཆ་གཅིག་སྡུད་ཀྱི་འགན་དབང་ལ་འགོག་རྐྱེན་མི་ཡོང་བའི་ཕྱིར་དྲྭ་རྒྱའི་སྟངས་འཛིན་གྱི་ལྟ་སྲུང་ནན་པོ་དང་། ཚད་མཐོའི་འཕྲུལ་རིགས་ལ་སྔར་ལྷག་མ་འཇོག་བྱས་ཏེ། རྒྱ་ནག་ནང་དྲྭ་རྒྱའི་བཀོལ་སྤྱོད་རང་དབང་ལ་ཕྱོགས་ཡོངས་ནས་སྟངས་འཛིན་དང་། མི་མང་གི་སྨྲ་བརྗོད་རང་དབང་ལ་སྔར་ལས་སྡུག་པའི་བཀག་སྡོམ། དེ་བཞིན་དྲྭ་རྒྱའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་པ་བརྗོད་བཞིན་ཡོད། ཚད་མཐོའི་འཕྲུལ་རིགས་དེ་དག་གི་ལམ་ནས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་མི་མང་གི་སེམས་ཁམས་དང་འགྲོ་འདུག་སྤྱོད་གསུམ་ལ་ལྡབ་འགྱུར་གྱིས་དམ་དྲག་ལག་བསྟར་དང་། ཆེད་མངགས་སྟངས་འཛིན་གྱིས་ལྟ་རྟོག་ནན་པོ་བྱས་ཏེ་འགྲོ་བ་མིའི་གཞི་རྩའི་རང་དབང་ཡེ་ནས་མེད་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་ཡོད།

བོད་ནང་བསམ་བློའི་སློབ་གསོ་དང་། སྐད་གཉིས་ཤེས་ཡོན་སློབ་གསོ་ཟེར་བའི་སྲིད་བྱུས་ལག་བསྟར་བྱས་ཤིང་། བོད་ཕྲུག་འབུམ་ཕྲག་མང་པོ་རྒྱ་ནག་ཏུ་འཁྲིད་དེ་ཁྱིམ་མི་དང་འབྲེལ་བ་མེད་པར་སློབ་ཚན་ཆ་ཚང་རྒྱ་ཡིག་ཁོ་ནའི་ཐོག་སློབ་ཁྲིད་བྱས་ཏེ་བོད་ཕྲུག་རྣམས་རྒྱ་མིའི་ངོ་བོར་བསྒྱུར་རྒྱུ་དང་། བོད་མིའི་སྒེར་གྱི་སློབ་གྲྭ་ཁག་ཆེད་མངགས་སྒོ་རྒྱག་བཅུགས་ཏེ། དམར་པོའི་གཞུང་གི་སྲིད་བྱུས་དང་རྒྱ་གཞུང་གི་འགོ་ཁྲིད་ཚོའི་གཏམ་བཤད་ལ་སློབ་སྦྱོང་ཟུར་དུ་སྤྲད་དེ་མ་འོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་བྱེད་མཁན་མེད་པ་བཟོ་བཞིན་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ལ་ལས་ཀའི་གོ་སྐབས་ཧ་ལམ་ཐོབ་རྒྱུ་མེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད།

རྒྱ་གཞུང་ནས་ཆོས་དད་རང་མོས་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང་དོན་དུ་བོད་ཀྱི་དགོན་སྡེ་ཁག་ནང་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བ་སོགས་གསར་འཛུགས་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་ལ་དོ་དམ་དང་། ཕྱི་ལོ་ ༢༠༠༧ ལོར་བཀའ་རྩ་ཨང་ལྔ་པ་ཟེར་བ་གསལ་བསྒྲགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་དམ་དྲག་དང་། ཕྱི་ལོ་ ༢༠༡༥ ལོའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་ནང་གསལ་བ་ལྟར་ན་རྒྱ་གཞུང་གིས་སྤྲུལ་སྐུ་གྲངས་ ༣༥༨ ངོས་ལེན་ཞུས་ཚུལ་སོགས་བཀོད་ཡོད། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཡང་སྲིད་རྩད་འཚོལ་ལམ་ལུགས་དང་ཡོངས་སུ་རྒྱབ་འགལ་ཕྱིན་པ་དང་། དེ་བཞིན་རང་ལོ་ ༡༨ མ་སོན་པར་གྲྭ་བཙུན་དུ་འཛུལ་ཞུགས་མི་ཆོག་པ་བཟོས་པ་དང་། དགོན་པའི་འདུ་ཁང་ནང་དུ་རྒྱ་གཞུང་གི་འགོ་ཁྲིད་ཚོའི་འདྲ་པར་གཤོམ་དགོས་པ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་པའི་བྱེད་སྒོ་མང་པོ་སྤེལ་བཞིན་པ་སོགས་ནི་ཆོས་ལུགས་རང་དབང་ལ་དམ་དྲག་བྱས་ཤིང་། བོད་ཀྱི་ཐུན་མིན་ཆོས་ཕྱོགས་ཀྱི་ལག་ལེན་རྣམས་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངོས་འཛིན་བྱ་ཐུབ།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་རྒྱ་གཞུང་ནས་བོད་ཁམས་བྲག་མགོ་རུ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཐུབ་དབང་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ཅན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན། མ་ཎི་དུང་འཁོར། སློབ་གྲྭ་བཅས་གཏོར་བཤིག་བཏང་ཡོད་པ་མ་ཟད། སླར་ཡང་རྙིང་མ་ཆ་ནང་དགོན་གྱི་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་གཏོར་བཤིག་བཏང་ཡོད། དུས་སྐབས་དེར་བྲག་མགོ་དགོན་པའི་མཁན་པོ་དཔའ་དགའ་སོགས་བོད་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་སོགས་བྱས་པ་དེ་དག་གིས་ནང་པའི་རྗེས་འཇུག་མང་པོའི་ཆོས་དད་རང་དབང་ལ་དོ་ཕོག་བཏང་བ་མ་ཟད། གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་རིག་གནས་གསར་བརྗེ་ཟེར་བའི་ངོ་བོ་བསྐྱར་སློག་བརྒྱབ་པ་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་རྒྱ་ནག་གཞུང་གི་བདེ་འཇགས་མི་སྣས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་གཅིག་ལྷག་རིང་གར་ཡོད་ཆ་མེད་དུ་གྱུར་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༢ པའི་ནང་ལྷ་སར་རྒྱ་གཞུང་གི་ཁྲིམས་ཁང་ཞིག་ནས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་བཙུགས་འོག་ལོ་བཅུ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཁོང་ལ་གློ་ནད་ཡོད་པ་དང་བཙོན་ཁང་དུ་མཐུན་རྐྱེན་ཞན་པའི་ཐོག་ཉེས་རྡུང་བཏང་བའི་རྐྱེན་གྱིས་ད་ལྟའི་གཟུགས་གཞིའི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད། དེ་བཞིན་རྒྱ་གཞུང་གིས་ཉེས་མེད་འཛིན་བཟུང་བཙན་ཁྲིད་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་དུས་ད་ལྟའང་གར་ཡོད་གནས་སྟངས་ཆ་མི་འཚལ་བ་དང་། དེ་བཞིན་ཆབ་སྲིད་ཀྱི་ཉེས་མིང་བཀལ་ཏེ་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་མགྱོགས་ནས་མྱུར་དུ་གློད་འགྲོལ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གི་བཙན་གནོན་འོག་མྱངས་དང་མྱོང་བཞིན་པའི་བོད་དང་། ཤར་ཏུར་ཀིསྠིན། ནང་སོག་བཅས་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། རྒྱལ་སྤྱིའི་ནང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་དོ་ཁུར་ཆེ་བཞེས་ཀྱིས་རྒྱ་ནག་གཞུང་ལ་དྲི་བ་དང་། གླེང་སློང་བྱས་ཏེ་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་ཡོང་ཐབས་བྱ་དགོས།

མཐོ་སྒང་བོད་ཀྱི་ཡུལ་འདིར་རྒྱལ་རབས་ལོ་རྒྱུས་དང་། ས་ཁམས། མི་རིགས། རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཁྱད་ཆོས་གང་ཐད་ནས་ཡོངས་སུ་ཐ་དད་ཀྱི་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་འདི་ཉིད། ད་ཆ་རྒྱ་གཞུང་གི་རྒྱ་སྐྱེད་རིང་ལུགས་འོག་ཏུ་ཚུད་ནས་མི་ལོ་བདུན་ཅུ་བརྒལ་བཞིན་ཡོད་ཀྱང་། དེང་གི་འཛམ་གླིང་སྤྱིའི་གནས་སྟངས་མང་པོར་འགྱུར་བ་འགྲོ་བཞིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བོད་རྒྱ་འབྲེལ་མོལ་ཡོང་བར་རྒྱ་གཞུང་གི་འགོ་ཁྲིད་ཚོར་གོ་སྐབས་འདི་བརྒྱུད་དེ་སླར་ཡང་ནན་སྐུལ་བྱེད་བཞིན་ཡོད།

བོད་ཀྱི་བདེན་དོན་འཐབ་རྩོད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག མི་སྒེར་བཅས་ཀྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་ཅན། དེ་བཞིན་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་གཟུར་གནས་ཤེས་ཡོན་ཅན་མང་པོས་ཡི་རངས་བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་གནང་བཞིན་ཡོད། དེ་བཞིན་ཨ་རིའི་གཞུང་གིས་བོད་དོན་ཐོག་ཁྲིམས་ཡིག་གཏན་འབེབས་གནང་བ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་། ཉི་ཧོང་གྲོས་ཚོགས། རྒྱ་གར་གྲོས་ཚོགས་བཅས་སུ་བོད་དོན་གླེང་སློང་གནང་དང་གནང་བཞིན་པ་བཅས་ཀྱིས་བོད་དོན་འདི་བཞིན་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་གལ་ཆེ་ཞིག་ཏུ་འགྱུར་བཞིན་པར་བོད་མི་རྣམས་ལ་དགའ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ཅིང་། རང་ཅག་བོད་མི་རྣམས་ཀྱིས་ལེགས་ཉེས་དབྱེ་འབྱེད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཞིན་བོད་མིའི་ནང་ཁུལ་མཐུན་སྒྲིལ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་ནུས་པ་གང་ཡོད་བཏོན་ཏེ། བོད་བསྟན་སྲིད་ཆེད་ནུས་པ་མཉམ་སྤུངས་དང་འགན་ཁུར་སྔར་ལྷག་ཡོང་བའི་ལྷག་བསམ་དང་སེམས་ཤུགས་ཀྱི་ནུས་པ་ཆིག་སྒྲིལ་ཡོང་ཐབས་བྱ་དགོས་པའི་སྐུལ་མ་ནན་པོ་ཞུ་རྒྱུ་ཡིན།

སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་པའི་རྗེས། ཐོག་མར་མང་ཚོགས་ལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལམ་སྲོལ་ཡོད་པ་བཞིན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ས་གནས་ཆ་བགོས་ཀྱིས་བོད་མིའི་གནས་ཡུལ་ས་ཆ་ཕལ་ཆེ་བར་སྤྱི་འཐུས་རྣམས་ནས་འཚམས་འདྲི་གཟིགས་སྐོར་ལས་རིམ་གང་ལེགས་བསྐྱངས་ཐུབ་པ་བྱུང་ཡོད། དེ་བཞིན་སྤྱི་འཐུས་རྒྱུན་ལས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་པ་བྱུང་ཞིང་། མ་འོངས་པར་རྒྱལ་སྤྱིའི་ནང་གྲོས་ཚོགས་གཙོས་བོད་དོན་ཐད་རྒྱབ་སྐྱོར་དང་འབྲེལ་ལམ་རྒྱ་སྐྱེད་ཡོང་ཆེད་ལས་འཆར་སྒྲིག་བཞིན་ཡོད་པས་འབྲེལ་ཡོད་ཚང་མས་མཐུན་འགྱུར་ཡོང་བའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན།

འདས་པའི་ཉིན་བཅུ་ཕྲག་སྔོན་ལ་ཡུཀ་རན་གྱི་མི་མང་གིས་དཀའ་སྡུག་མྱངས་པ་བཞིན། ལོ་ངོ་བདུན་ཅུ་གོང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བས་བོད་ནང་བཙན་འཛུལ་གྱིས་དྲག་སྤྱོད་སྤེལ་ཏེ་བོད་མིས་དཀའ་སྡུག་མྱངས་པ་དང་ཆ་འདྲ་བ་ཡོད་སྟབས། ཉེས་མེད་དཀའ་སྡུག་མྱོང་བཞིན་པའི་ཡུཀ་རན་མི་མང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། གང་མགྱོགས་མནར་གཅོད་སྡུག་བསྔལ་ལས་གྲོལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

གཞན་ཡང་ཨ་རིས་གཙོས་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་རྣམས་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

​མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཞིང་གཞིས་བྱེས་མཉམ་འཛོམས་ཐོག་བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ལ།། །།

 

Menu