ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༠ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་ དྲན་རྟེན་ཚོགས་ཁང་ནང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་ལས་བྱེད་པ་ཁག་གཅིག་གིས་གཙོས་ རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་གསར་ཁང་ཁག་གི་འབྲེལ་ཡོད་མི་སྣ་བཅས་ ཀྱིས་བོད་མིའི་འཐབ་རྩོད་དང་། གསར་འགྱུར་བརྒྱུད་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༡༠ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་ཚོགས་བཅར་བ་རྣམས་ཚང་འཛོམས་ཐོག་བོད་ ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱིས་ཚོགས་ འདུ་གཙོ་སྐྱོང་གནང་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དགའ་ བསུའི་གསུང་བཤད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ གིས་ཚོགས་འདུ་དབུ་འབྱེད་དང་འབྲེལ་ཚོགས་བཅར་ཡོངས་ལ་འཚམས་འདྲི་ཞུས་པ་དང་ལྷན་ གསུང་བཤད་གནང་དོན། དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དགོངས་པ་མང་དག་ཅིག་བཞེས་ནས་ང་ཚོ་ བོད་མིའི་འཐབ་རྩོད་དང་གསར་འགྱུར་བརྒྱུད་ལམ་སྐོར་བགྲོ་གླེང་ཚོགས་འདུ་གོ་ སྒྲིག་གནང་བར་བརྟེན་ནས་ང་ཚོ་ལྷན་འཛོམས་བྱུང་ཡོད།
སྤྱིར་བཏང་ང་ཚོ་བོད་མིའི་འཐབ་རྩོད་ནི་དུས་ཐུང་གང་ཡང་མ་རེད། མི་གཅིག་གི་མི་ཚེའི་ལོ་ཚད་ཀྱི་བརྒྱ་ཆ་ནས་བཤད་ན་བརྒྱ་ཆ་མང་ཆེ་བ་ཞིག་འཐབ་ རྩོད་ནང་ལྷུང་ཡོད། འབྱུང་འགྱུར་ང་ཚོ་བོད་མིའི་འཐབ་རྩོད་ཀྱི་གྲུབ་འབྲས་དུས་ཚོད་དེ་ལྟར་ཞིག་ལ་ སོན་གྱི་རེད་ཅེས་བརྗོད་ཐབས་བྲལ་བ་རེད། གང་ལ་ཞེ་ན་དེ་དག་གི་རྒྱུ་རྐྱེན་ཡོངས་རྫོགས་ང་ཚོ་ཁོ་ནའི་ལག་པར་མེད། རྒྱ་ནག་དང་ལྷག་པར་རྒྱལ་སྤྱིའི་གནས་ཚུལ་སོགས་མང་པོ་ཞིག་ལ་བསྟུན་ནས་གོམ་པ་ མདུན་སྤོས་བྱེད་དགོས་པ་ཆགས་ཡོད། ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་ངོ་བོ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་རེད་ ཅེས་ཞུས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གསུམ་པའི་ནང་བོད་དོན་བདེན་མཐའ་གསལ་ ཐབས་དང་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་ཐབས། ཞེས་ང་ཚོའི་སྒྲིག་འཛུགས་ཀྱི་བྱེད་སྒོ་གལ་ཆེ་བའི་དམ་བཅའ་འདི་གཉིས་རེད། འོན་ཀྱང་ང་ཚོའི་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ངོ་བོ་འགྲེལ་བཤད་རྒྱག་ དགོས་ཀྱི་ཡོད། ད་ལྟའི་ཆར་ང་ཚོས་འགྲེལ་བཤད་རྒྱག་རྒྱུར་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ ནས་བོད་དོན་ལ་འགན་ཁུར་དང་། དེ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཉག་ཅིག་ཐོག་ནས་འགྲོ་དགོས་རྒྱུ་ནི་ང་ཚོའི་རྩ་ བའི་དམ་བཅའ་ལྟ་བུ་རེད་བསམ་བཞིན་ཡོད།
ལྷག་པར་ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན། ཕྱི་ལོ་ ༡༩༤༩ ནང་བོད་ཤར་ཕྱོགས་ནས་རྒྱ་ནག་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་ཏེ་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཡོད། ཅེས་དང་། དེ་བཞིན་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྤྱིར་བཏང་བོད་ནང་གསུམ་བཅུའི་དུས་ དྲན་གྱི་རྐྱེན་རྩ་དང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྐོར། ལྷག་པར་༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་སྟངས་ཀྱི་བརྒྱུད་རིམ། ཕྱོགས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་བོད་དོན་སྐོར་གྲོས་ཆོད་བཞག་སྐོར་དང་། གཞན་ཡང་ཁོང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བཞིན་རྩ་བའི་གཏམ་ བརྗོད་དང་། འགྲོ་འདུག དེ་བཞིན་ཚགས་ཤོག་དང་དུས་དེབ་སོགས་འགྲེམས་སྤེལ་གྱི་རང་དབང་ཡིན་པ། ཕྱོགས་མཚུངས་གསར་འགྱུར་བརྒྱུད་ལམ་ཁག་གིས་འགན་འཁུར་ཡང་ཆེན་པོ་གནང་དགོས་པ་དེ་ གལ་ཆེར་ཆགས་ཡོད་སྐོར་སོགས་ཀྱི་ཐད་གསུང་བཤད་གནང་སྟེ་བགྲོ་གླེང་དབུ་འཛུགས་ ཞུས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུར་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་གསར་ ཁང་ཁག་གི་སྐུ་ཚབ་མི་སྣས་རིམ་བཞིན་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས། །