བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ པ་དབུ་འཛུགས་གནང་བ།

  

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ཉིན་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༡།༣༠ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག   ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ Ram Swaroop མཆོག  རྒྱ་གར་ཆེས་མཐོའི་རྩིས་ཞིབ་པ་སྐུ་ཞབས་ས་ཌི་ཡ་ཀུ་མར་ Sathya Kumar མཆོག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་སོགས་ཆེད་ཕེབས་གནང་ཡོད།

མཛད་སྒོའི་ཐོག་མར་སྣང་གསལ་ཞལ་ཕྱེ་དང་འབྲེལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་བཏང་གྲུབ་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་གྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་རྗེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིས་ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་ཞུས། བསྟི་གནས་ཁང་གི་དངུལ་གཉེར་ནས་ལོ་འཁོར་དངུལ་རྩིས་ཀྱི་སྙན་ཐོ་ཁག་སྙན་སྒྲོན་ཞུས་རྗེས་སྐུ་མགྲོན་གཙོ་བོས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གསར་དེབ་དབུ་འབྱེད་གནང་བ་དང་སྦྲགས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་ཉི་མ་སྟོབས་རྒྱལ་ལགས་ལ་ལོ་བཅུའི་སློབ་ཐོན་གཟེངས་རྟགས་གནང་ཡོད་པ་དང་། སྤྱི་ཟུར་རྒྱལ་ནོར་ཚེ་དབང་ལགས་ལ་ lifetime achievement award གནང་ཡོད།

དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་མི་གསར་པ་རྣམས་ལ་ཆེ་བསྟོད་གཟེངས་རྟགས་གནང་གྲུབ་རྗེས་ཐོག་མར་ཚོང་ལས་བདེ་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཡི་རངས་བསྔགས་བརྗོད་ཞུས་གནང་བ་དང་། བཙན་བྱོལ་ཙམ་མ་ཡིན་པར་བོད་ནང་གི་ཚོང་ལས་གནས་སྟངས་སོགས་ལ་ཞིབ་འཇུག་དང་ཞབས་འདེགས་ཞུ་དགོས་པ། དཔལ་འབྱོར་ཉམས་ཞིབ་པས་གསུང་དོན་ལ་རྒྱ་ནག་ནང་དབུལ་ཕྱུག་གི་ཁྱད་པར་ཤུགས་ཆེན་པོ་ཡོད་པ་དང་དཔལ་འབྱོར་ལ་ཉེན་ཁ་ཡོད་པ། འབྱུང་གྱུར་ལོ་བཅུ་ཕྲག་ཁ་ཤས་ནང་གནས་ཡུལ་རྒྱ་གར་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཆགས་ཀྱི་རེད་ཟེར་བ་བཞིན་ང་ཚོས་ཆ་ཤས་ལེན་ཐུབ་དགོས་པ། བོད་ནང་བོད་མི་ཚོར་ཡོང་འབབ་གཙོ་བོ་དབྱར་རྩ་དགུན་འབུ་ཡིན་པས་དེའི་ཐོག་ཚོང་རྭ་གསར་པ་འཚོལ་སྒྲུབ་བྱེད་དགོས་གལ་ཆེ་བ། ཆབ་སྲིད་ལ་དཔལ་འབྱོར་གྱིས་གནོན་ཤུགས་སྤྲོད་པའི་དུས་ཚོད་འདིར་ཚོང་ལས་བདེ་ཚོགས་ནས་བོད་མིའི་རིག་གཞུང་དང་ཡ་རབས་བཟང་སྤྱོད་གཞི་ལ་བཞག་པའི་ཐོག་འཛམ་གླིང་ནང་འབུར་དུ་འདོན་ཐབས་དགོས་པ། ཚོང་ལས་བདེ་ཚོགས་ནས་དཔལ་འབྱོར་ལས་ཁུངས་བརྒྱུད་ཚོང་གི་ཁེ་བབ་ལས་བརྒྱ་ཆ་བློས་བཅད་ཀྱིས་ཁུངས་འབུལ་ཐུབ་ཐབས་དགོས་པ། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ཐོག་ནུས་པ་འདོན་གལ་ཆེ་བ་སོགས་ཀྱི་གསུང་བཤད་གནང་།

དེ་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་Ram Swaroopམཆོག་དང་རྒྱ་གར་ཆེས་མཐོའི་རྩིས་ཞིབ་པ་སྐུ་ཞབས་ས་ཌི་ཡ་ཀུ་མར་ Sathya Kumar མཆོག་དང་། མཇུག་ཏུ་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ་བཅས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་མཆོག་གིས་སྐུ་མགྲོན་རྣམ་པར་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བའི་གནས་ཚུལ་དུ།།

 

 

 

 

 

Menu