བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༢ ཉིན་སྔ་དྲོ་རྡ་ས་ས་གནས་འགོ་འཛིན་གྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་ནང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་སོང་།

དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། གཞན་ཡང་བོད་ཀྱི་ཐེབས་རྩ་དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་། བོད་ཀྱི་སྨན་རྩིས་ཁང་བཅས་ཀྱི་སྐུ་ཚབ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་རྒྱ་གར་དང་། བལ་ཡུལ་ཁུལ་ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༧༠ ཙམ་མཉམ་ཞུགས་གནང་འདུག


སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོས་གསུངས་པ་ལྟར། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཚོང་པའི་ལས་རིགས་གཉེར་མཁན་དེ་ཚོ་སྐྱེད་བསྲིང་བྱ་རྒྱུ་དང་། སྐྱེད་བསྲིང་དང་མཉམ་དུ་ལས་འཆར་བསྒྲིགས་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མཉམ་དུ་སླེབས་ཐུབ་ཐབས། དེ་བཞིན་བོད་མི་ནང་ཁུལ་ལའང་གཅིག་ཕན་གཅིག་གྲོགས་ཀྱི་ལས་ཀ་བརྩམ་ཐུབ་ཐབས། སྤྱི་ཚོགས་ཁྱོན་ཡོངས་ལ་དཔལ་འབྱོར་གྱི་སྣེ་ཁྲིད་བྱེད་ཐུབ་ཐབས་བཅས་དགོས་པ་དམིགས་ཡུལ་གཙོ་བོ་འདྲ་པོ་དེ་རེད་འདུག འདས་པའི་བཀའ་ཤག་གིས་རྒྱུ་མཚན་དང་། གལ་ཆེན་པོར་གཟིགས་ནས། ཚོགས་པ་དེ་གསར་འཛུགས་གནང་བ་ཡིན་དུས། ད་ལྟ་བར་དུ་རྒྱུན་བསྐྱངས་ནས་ལོ་ ༡༨ ཙམ་འགྲོ་བཞིན་འདུག དེ་ཡིན་དུས་འདས་པ་དང་། ད་ལྟ་སྐུ་ལས་བསྐྱོན་མཁན་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།


ང་ཚོའི་སྤྱི་ཚོགས་སྤྱི་ཡོངས་ཐོག་བསམ་བློ་བཏང་བ་ཡིན་ན། དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཚང་མ་འདྲ་མཉམ་འདྲ་པོ་ཡོང་ཐུབ་དགོས་ཀྱི་ཡོད། ཆབ་སྲིད་ཐོག་ལ། ང་ཚོ་གཞན་རྟེན་གྱི་གནས་བབ་ཆགས་བསྡད་ཀྱི་ཡོད་རེད། ང་ཚོའི་ངོས་ནས་བྱེད་ཐུབ་པ་དང་། བྱེད་དགོས་པ་གང་ཞིག་ལ། ཁག་ཅིག་གཞན་ལ་བསྟུན་དགོས་པ་ཆགས་བསྡད་ཀྱི་ཡོད་རེད། དཔལ་འབྱོར་གྱི་གནས་བབ་དེ་བས་ཀྱང་གཞན་ལ་བསྟུན་དགོས་པ་ཆགས་ཀྱི་འདུག ཕྱི་ལོ་ ༢༠༠༩ ཡི་མི་འབོར་གྲངས་བཤེར་ལ་བལྟས་པ་ཡིན་ན། འབུམ་གཅིག་དང་ཁྲི་གཉིས་ལྷག་ཙམ་རེད་འདུག ནམ་རྒྱུན་བཤད་སྲོལ་ནང་འབུམ་གཅིག་དང་ཁྲི་ལྔ་ཙམ་བཤད་བཞིན་ཡོད། དེ་ཡིན་དུས་ང་ཚོའི་སྤྱི་ཚོགས་དེ་ཆུང་ཆུང་ཞིག་རེད་ལ། རྒྱལ་ཁབ་ཁག་སུམ་ཅུ་ཙམ་ལ་ཁ་འཐོར་ནས་བསྡད་ཡོད་རེད། གཅིག་འགྱུར་གྱི་དཔལ་འབྱོར་ལས་དོན་འབུར་དུ་ཐོན་ཐུབ་པ་ཞིག་ང་ཚོའི་ངོས་ནས་གཉེར་རྒྱུ་ཁག་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་དཔལ་འབྱོར་གྱི་གནས་བབ་དེ་ཡང་གཞན་ལ་རྟེན་དགོས་པ་ཞིག་ཆགས་ཀྱི་ཡོད། རིག་གཞུང་ཐོག་ལ། རྩ་བའི་ང་ཚོའི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་སོགས་ཁྱིམ་ཚང་གཅིག་ནས་མཉམ་དུ་འཚར་ལོངས་ཡོང་དགོས་པ་ཞིག་ཆགས་ཀྱི་ཡོད་ཀྱང་། སྒོ་ཕྱི་ལོགས་ལ་འགྲོ་ཚར་བའི་རྗེས་ལ་གཞན་ཞིག་ལ་བསྟུན་དགོས་དུས། སོ་སོའི་རིག་གཞུང་ཐོག་སྲུང་སྐྱོབ་བྱེད་ཐབས་ཀྱི་བསམ་བློ་གསར་པ་ཞིག་རང་བཞིན་སླེབས་བསྡད་ཀྱི་འདུག མདོར་བསྡུས་ན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན། དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཚང་མ་གཞན་རྟེན་གྱི་གནས་བབ་འདྲ་པོ་ཆགས་བསྡད་ཀྱི་ཡོད་རེད། ཡིན་ནའང་། ང་ཚོའི་ངོས་ནས་སོ་སོའི་རྐང་པ་སྟེང་སོ་སོ་ལངས་ཐུབ་པ་ཞིག་བཟོ་ཐུབ་རྒྱུར་ཐབས་ཤེས་གང་ཡོད་པའི་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག རྣམ་པ་ཚོའི་ལས་འཆར་ནང་ལའང་འདུག དེང་སང་དྲ་རྒྱའི་སྤྱི་ཚོགས་ཡིན་དུས། སོ་སོའི་ངོས་ནས་དེའི་ཐོག་མདུན་ལམ་ཞིག་བཟོ་ཐུབ་པ་ཡིན་ན། དེ་ལ་རང་བཞིན་གྱི་སྤྱི་ཚོགས་འདྲ་མིན་ནས་ཆ་ཤས་ལེན་མཁན་སླེབས་ཡོང་གི་རེད། དཔེར་ན་རྣམ་པ་ཚོས་བོད་ཀྱི་མིང་དང་། རི་མོ་འདྲ་པོ་ཡོད་པའི་ལྟོ་ཕད་ཅིག་བཟོས་པ་ཡིན་ན། དེས་བོད་ཀྱི་རིག་གཞུང་མཉམ་དུ་བོད་ཀྱི་ངོ་བོ་དེ་སྟོན་ཐུབ་པ། སྤྱི་ཚོགས་གཞན་གྱིས་རང་བཞིན་གྱི་ང་ཚོའི་སྡིངས་ཆའི་ཐོག་གོ་སྐབས་ལེན་ཐུབ་རྒྱུའི་རྣམ་པ་ཡོང་གི་འདུག ད་རེས་ཚོགས་བཅར་བ་ཕེབས་མཁན་མང་ཆེ་བ་བཙན་བྱོལ་ནང་གི་མི་རབས་གཉིས་པ་དང་། གསུམ་པ་ཆགས་ཀྱི་འདུག བྱས་ཙང་རྣམ་པ་ཚོས་བོད་ཀྱི་རིག་གཞུང་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་ཐོག་འགན་ཁུར་རྒྱུའི་དུས་ཚོད་སླེབས་བསྡད་དུས། དེ་འདྲའི་ཐོག་རྣམ་པ་ཚོས་གོ་བསྡུར་གནང་ནས་དགོངས་པ་བཞེས་ཐུབ་ན་ཡག་པོ་འདུག ལས་དོན་གང་ཞིག་བརྩམ་པ་ཡིན་ནའང་། དཀའ་ངལ་ཡོང་གི་རེད། དེ་ལ་བཟང་ཕྱོགས་ཀྱི་ཐོག་ནས་གདོང་ལེན་བྱེད་ཐབས་ཀྱི་དགོངས་པ་བཞེས་དགོས་རེད། དཔེར་ན། རྒྱ་གར་ལྟ་བུར་མཚོན་ན། པར་སི་ (Parsis) ཟེར་བའི་མི་རིགས་དེའི་མི་འབོར་འབུམ་གཅིག་ཡན་མན་ཙམ་ལས་མེད་ཀྱང། རྒྱ་གར་གྱི་སྤྱི་ཚོགས་ཀྱི་ཚོང་ལས་ནང་འབུར་དུ་ཐོན་མཁན་དང་། སོ་སོའི་ཆོས་ཀྱི་ཐོག་ལའང་སྲུང་སྐྱོབ་ཚད་ལྡན་བྱེད་ཐུབ་པ། མིའི་གཤིས་ཀ་བཟང་པོ་ཡོད་པ་སོགས་རྒྱ་གར་གྱི་སྤྱི་ཚོགས་བཟང་ཕྱོགས་ཐོག་སྣེ་ཁྲིད་ཐུབ་པའི་ངོ་བོར་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་བབ་ཆགས་འདུག ང་ཚོ་ཡིན་ནའང་། དེ་འདྲ་བྱེད་མ་ཐུབ་པ་མིན་དུས། དེའི་ཐོག་ཐབས་ལམ་བཙལ་དགོས་པ་དང་། དཀའ་ལས་རྒྱག་དགོས་པ། ཕ་མེས་ཀྱི་རྒྱུ་ནོར་རྣམས་འཕེལ་རྒྱས་གཏོང་ཐབས་ཀྱི་བསམ་བློ་གཏོང་དགོས་པའི་ཐོག་འབད་བརྩོན་བྱེད་དགོས། ནུབ་ཕྱོགས་རྒྱལ་ཁབ་ནང་ཐབས་ཤེས་བཙལ་ནས་འབུར་དུ་འཐོན་རྒྱུ་ཧ་ཅང་གི་ཁག་པོ་རེད་འདུག རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ནང་གང་ཅིའི་ཐོག་འགྲན་བསྡུར་བྱ་རྒྱུའི་གོ་སྐབས་མང་པོ་ཡོད་རེད། དེ་ཡིན་དུས། དེ་འདྲའི་ཁོར་ཡུག་ནང་ཚོང་ལས་དང་། རིག་གཞུང་ཐོག་ནུས་པ་འདོན་ཐུབ་པ་ཡིན་ན། སོ་སོའི་མི་རབས་ཙམ་མ་ཟད། རྗེས་འབྱོར་གྱི་མི་རབས་རྣམས་ལའང་ཕན་ཐོགས་ཐུབ་པ། ཚང་མས་མིག་དཔེ་བལྟ་ས་འདྲ་པོ་ཆགས་ཀྱི་ཡོད་རེད། དེ་བཞིན་ཇིའུ་མི་རིགས་ཚོས་དཔལ་འབྱོར་དང་། ཤེས་ཡོན་སོགས་གང་ཅིའི་ཐོག་འཛམ་གླིང་སྟེང་འབུར་དུ་ཐོན་མཁན་ཞིག་ཆགས་ཡོད། དེ་ཚོར་ང་ཚོས་མིག་དཔེ་བལྟས་ནས་འགྲོ་ཐུབ་དགོས་པ། ང་ཚོའི་བཤད་སྲོལ་ལ་ཡོད་པ་ལྟར། བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན། ཟེར་བ་བཞིན། ང་ཚོས་གཞན་ལ་བལྟས་ནས་ཐབས་ཤེས་བཙལ་ཐུབ་དགོས།


དེང་སང་གི་གནས་བབ་ཐོག་ལ། དཔལ་འབྱོར་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དཔལ་འབྱོར་ལ་བརྟེན་ནས་ཆབ་སྲིད་དང་། རིག་གཞུང་དེའི་ཕྱོགས་ལ་འགྲོ་ཡི་ཡོད་རེད། དཔེར་ན། རྒྱ་ནག་ལྟ་བུར་མཚོན་པ་ཡིན་ན། མི་གཅིག་དབང་འཛིན་གྱི་ཆབ་སྲིད་ལམ་ལུགས་རེད། དེར་འཛམ་གླིང་ནང་ཡིད་སྨོན་བྱེད་མཁན་ཡོད་མ་རེད། ཡིན་ནའང་། རྒྱ་ནག་ལ་དཔལ་འབྱོར་གྱི་ནུས་པ་ཆེན་པོ་ཡོད་པར་བརྟེན་ནས། སྟོབས་ཆེན་རྒྱལ་ཁབ་མང་ཆེ་བས་བསྟུན་དགོས་པ་འདྲ་པོ་ཆགས་ཀྱི་ཡོད། ང་ཚོའི་ངོས་ནས་དེར་ཁ་གཏད་གཅོག་རྒྱུའི་དཔལ་འབྱོར་གྱི་གནས་བབ་བཟོ་མི་ཐུབ་རུང་། དཔལ་འབྱོར་གྱི་གནས་བབ་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་དགོས་འདུག ཐེངས་གཅིག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ས་གནས་གཅིག་ལ་བོད་པའི་སྤྱི་ཚོགས་ནང་ (Millionaire) ལྟ་བུ་ཐོན་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་ཡོད་རེད། བོད་པའི་ནང་ཡོད་པའི་དཔལ་འབྱོར་ཡོད་མཁན་ཚོས་སོ་སོའི་སྤྱི་ཚོགས་ནང་ཆ་ཤས་བཞེས་རྒྱུའི་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག གཞན་རྟེན་གྱི་བསམ་བློ་འདོར་བའི་ཐོག་ནས་དེང་སང་གི་ཚོང་གི་རིག་གནས་གསར་པའི་ཐོག་དོ་སྣང་གནང་རྒྱུ་དང་། སོ་སོའི་ངོས་ནས་མདུན་ལམ་བཟོ་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ནང་ང་ཚོར་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ཡོད་རེད། དེ་ཚོའི་འབྲེལ་བ་ང་ཚོས་མུ་མཐུད་ཉར་ཐུབ་དགོས་པ་དང་། རྣམ་པ་ཚོས་ཨ་རི་ནིའུ་ཡོག་ཏུ་ཚོགས་འདུ་འཚོག་རྒྱུའི་ལས་འཆར་བང་བསྒྲིགས་ཡོད་པ་བཞིན། དེ་ཚོའི་གོ་སྐབས་ཟིན་ནས། ཚོང་དོན་ལྷན་ཚོགས་ཀྱི་ལས་འཆར་ཁག་ང་ཚོའི་སྤྱི་ཚོགས་དང་། གཞན་གྱི་སྤྱི་ཚོགས་བཅས་ཚང་མའི་ནང་གོ་རྟོགས་ཡག་པོ་སྤེལ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་གསུངས་གནང་སོང་།


གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་ཚོགས་པའི་ཚོགས་མི་ཁག་ཅིག་ལ་ཕྱག་འཁྱེར་གནང་བ་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འབྱུང་རིམ་དང་། ལས་འཆར་ཁག་བཅས་ངོ་སྤྲོད། དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་བཤད། དངུལ་གཉེར་བློ་བཟང་དོན་གྲུབ་ལགས་ནས་ཚོགས་པའི་ལོ་འཁོར་སྔོན་རྩིས་སྙན་སྒྲོན། དྲུང་ཆེ་ཚེ་བརྟན་སྒྲོལ་དཀར་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་།