བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་མཇུག་བསྡོམས་གསུང་བཤད། Print གསར་འགྱུར་ཕྱོགས་བསྡུས།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་དངོས་སུ་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢ ཉིན་ཡོངས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་པ་ལྟར།

 

སྤྱི་འཐུས་ཚོགས་གཞོན་མཆོགསྤྱི་འཐུས་ཚོགས་གཞོན་མཆོག

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་དུ་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང༌། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་རིམ་བཞིན་མཇུག་བསྡོམས་གསུང་བཤད་གནང་ཡོད་པའི་ཐོག་མར་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་འོག་ལས་འགུལ་འདི་སྤེལ་བའི་དགོས་དམིགས་གཙོ་བོ་ནི། གཞིས་ལུས་རྒྱ་ཆེའི་མི་མང་གིས་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་སྲོག་ཚུན་ཆད་བློས་གཏོང་གནང་དང་གནང་མུས་ཡིན་པ་དེར་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་ནི་ང་ཚོའི་ལས་འགན་རེད། དཔེར་ན། སོ་སོའི་ཁྱིམ་ཚང་གཅིག་ནང་གི་ནང་མི་ཞིག་ལ་ནད་མནར་བྱུང་ཚེ་ནད་པ་དེ་ན་ལས་ཐར་ཆེད་སྨན་བཅོས་དང་རིམ་གྲོ་གང་ཡོད་བྱེད་དགོས་ངེས་ཡིན། དེ་བཞིན་ང་ཚོ་བོད་པའི་གནས་སྟངས་ད་ལྟའི་ཆར་འཆི་གསོན་གྱི་མཚམས་ཞིག་ལ་སླེབས་ཡོད། དེར་བརྟེན་ང་ཚོས་ཐབས་ཤེས་འདྲ་མིན་སྣ་ཚོགས་ཐོག་ནས་བོད་སྐྱོབ་ཐབས་ཀྱི་ལས་འགུལ་བརྩམ་ཐུབ་རྒྱུའི་ཆེད་བོད་མི་མི་རེ་ངོ་རེ་ནས་འགན་ཁུར་ལེན་དགོས། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་རྒྱུ་ང་ཚོའི་ལས་འགན་ཆགས་ཡོད། སོགས་ཀྱི་གསུང་བཤད་གནང་།

 

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བ།སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བ།

 

དེ་ནས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ད་རེས་བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་སྐབས། ཚགས་ཚུད་དགོས་རྒྱུ་གལ་ཆེ་ཡིན་པར་བརྟེན། བཀའ་སྤྱི་གཉིས་གྲོས་བསྡུར་རིམ་པ་བྱུང་ཡོད་ཀྱང་།  བཀའ་ཤག་མདུན་དུ་ཐོན་པ་ཐོག་མ་ཡིན་སྟབས། ལས་འགུལ་གང་འདྲ་ཡོང་གི་ཡོད་དམ་སྙམ་པའི་སྤྱིར་བཏང་སེམས་འཚབ་ཕྲན་བུ་བྱུང་། བོད་ནང་གི་གནས་སྟངས་དང་བོད་མི་ཚོས་རེ་བ་ཆེན་པོ་རྒྱག་གི་ཡོད། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོར་དམིགས་བསལ་འགན་ཞིག་ཡོད། ལོ་ངོ་ལྔ་བཅུའི་རིང་བཀའ་ཤག་མདུན་དུ་ཐོན་མྱོང་མེད། ད་རེས་བཀའ་ཤག་མདུན་དུ་ཐོན་པ་དེར་མི་མང་གི་ཕྱར་གྲུ་མཉམ་འདེགས་གནང་ཐོག་ལས་འགུལ་ཚགས་ཚུད་ཡོང་བའི་ཡིད་ཆེས་ཡོད་པ་ལྟར། བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ལྟར་ལས་འགུལ་ག་རེ་སྤེལ་ཡང། ཞི་བ་དང་། ཁྲིམས་མཐུན། ཆེ་མཐོང་ལྡན་པའི་ཐོག་ནས་སྤེལ་དགོས་པའི་ལམ་སྟོན་ཞུས་པ་བཞིན་བྱུང་བར་བརྟེན། རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་ཀྱང་བསྔགས་བརྗོད་གནང་གི་འདུག་པས་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ཚང་མས་མཁྱེན་གསལ་ལྟར་རྒྱ་གར་གཞུང་མང་གཉིས་ང་ཚོ་བོད་དང་བོད་མིར་བཀའ་དྲིན་ཧ་ཅང་ཆེན་པོ་རེད། བོད་མི་འདུ་སྡོད་ཆེ་ཤོས་དང་བོད་མིའི་སྒྲིག་འཛུགས་ཀྱང་རྒྱ་གར་ནང་གནས་པ་མ་ཟད། རྒྱ་གར་གྱི་ཡུལ་མི་དང་མཉམ་དུ་འདྲེས་ཏེ་ལོ་ངོ་ལྔ་བཅུ་ལྷག་འགྲོ་བཞིན་ཡོད། ང་ཚོ་བཙན་བྱོལ་བ་བྱས་ཏེ་མིའི་ལུང་པར་སྡོད་ཀྱི་ཡོད་ཀྱང་། གཙོ་བོ་ཡུལ་མི་ཚོའི་དགོང་པ་བཞེས་ཕྱོགས་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་རེད། ས་གནས་འགར་གནས་ཚུལ་ཕྲན་བུ་ཡོང་གི་ཡོད། དེ་ནི་འཇིག་རྟེན་འགྲོ་སྟངས་རེད། སྤྱི་ཡོངས་ཐོག་ནས་རྒྱ་གར་གཞུང་མང་བཀའ་དྲིན་ཆེན་པོ་ཡིན་པ་ཐེངས་འདིར་ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་སྟོན་ཐུབ་ཡོད། དེ་བཞིན་རྒྱ་གར་གཞུང་མང་བཀའ་དྲིན་ཆེན་པོ་ཡིན་པ་དམིགས་བསལ་སྲིད་སྐྱོང་གི་འགན་ཁུར་ཞུས་རྗེས་གནད་ཡོད་མི་སྣའི་སར་བཅར་སྐབས། ད་ལྟ་བར་དུ་རྒྱབ་སྐྱོར་ཧ་ཅང་གནང་བྱུང་རྒྱ་གར་གཞུང་མང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ཐེངས་འདིའི་ལས་འགུལ་སྤེལ་རྒྱུ་དེ་བཀའ་ཤག་ཐོག་ནས་ཕྱི་ལོ་ ༢༠༡༣ ལོ་འདི་གདུང་སེམས་མཉམ་སྐྱེད་ཀྱི་ལོ་ཡིན་པའི་གསལ་བསྒྲགས་བྱས་པ་ལྟར། ཕྱི་ཟླ་ ༡༢ ཚེས་ ༡༠ འགྲོ་བ་ཐོབ་ཐང་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ལ་བོད་མི་སྟོང་ཕྲག་མང་པོ་ཕེབས་ཏེ་རྡོག་རྩ་ཆིག་སྒྲིལ་དང་ཕྱར་བ་གྲུ་འདེགས། སེམས་ཤུགས། འགན་འཁྱེར་བའི་རྣམ་པ་ཤུགས་ཆེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གནད་ཡོད་མི་སྣ་ཕེབས་པའི་ཐོག་ནས་གསུང་བཤད་གནང་སྟེ་ཚགས་ཚུད་ཐག་ཆོད་བྱུང་ཡོད། དེ་བཞིན་བོད་པའི་ལོ་གསར་ཕྱི་ཟླ་ ༢ ནང་སླེབས་ཀྱི་ཡོད། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་བཀའ་ཤག་ནས་རེ་འདུན་ཞུས་པ་ལྟར། རྒྱས་སྤྲོས་མེད་པར་སྲོལ་རྒྱུན་དང་ཆོས་ཕྱོགས་བཞིན་གནང་རོགས་ཞུ་རྒྱུ་དང་། ད་རེས་ལས་འགུལ་དང་འབྲེལ་བའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་བཅའ་འདྲི་གནང་བ་ཁག་ལ་ལན་འདེབས་བྱས་ཡོད་ལ་འཛམ་གླིང་དུ་སྙན་གྲགས་ཆེ་བའི་གསར་ཤོག་མང་ཆེ་བའི་ནང་ཐོན་འདུག དེ་བཞིན་རྒྱ་གར་གྱི་བརྙན་འཕྲིན་ (NDTV) གཙོས་པའི་གཞན་ཁག་མང་པོ་ཞིག་ལ་ཐོན་འདུག ང་ཚོར་བདེན་པ་ཡོད་པ་དེ་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོས་ལས་འགུལ་སྤེལ་བ་མི་ས་ཡ་མང་པོས་མཁྱེན་པ་དགོས་རྒྱུ་གལ་ཆེར་ཡིན་པར་བརྟེན། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཡོང་རྒྱུ་དེ་གསར་འགོད་ལྷན་ཚོགས་སྤྱི་ཡོངས་ནས་རྒྱབ་སྐྱོར་རྣམ་པ་ཧ་ཅང་བསྟན་བྱུང་ཞུ་རྒྱུ་ཡིན།

 

ཁ་སེང་རྒྱལ་སྤྱིར་རེ་འདུན་ཞུས་པ་ལྟར། ང་ཚོས་དུས་རྟག་ཏུ་༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་འཚེ་མེད་ཞི་བའི་ལམ་ཐོག་ནས་རྩ་དོན་རྩོད་ཀྱི་ཡོད། མང་གཙོའི་ལམ་ལུགས་ཐོག་ནས་སྒྲིག་འཛུགས་ཤིག་གནས་ཡོད། ཞི་བའི་ལམ་དེ་དུས་རྟག་ཏུ་རྒྱལ་སྤྱིས་རྩ་ཆེན་ཡིན་པ་གསུང་གི་ཡོད། དེར་བརྟེན་ང་ཚོ་བོད་པ་དང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་དགོས་ཀྱི་རེད། མང་གཙོ་རྩ་ཆེན་དང་ལག་ལེན་བསྟར་དགོས་པ་རྒྱལ་སྤྱིས་དུས་རྟག་ཏུ་གསུང་གི་ཡོད། འོན་ཀྱང་ང་ཚོས་མང་གཙོ་ལག་ལེན་བསྟར་ཏེ་ལོ་ལྔ་བཅུ་ལྔ་གྲངས་འགྲོ་ཡི་འདུག དེར་བརྟེན་རྩ་ཆེན་ཡིན་ན་རྒྱབ་སྐྱོར་གནང་དགོས་ཀྱི་རེད། ང་ཚོས་མང་གཙོ་དང་ཞི་བའི་ལམ་ཐོག་ནས་རྩ་དོན་དེ་མུ་མཐུད་རྩོད་ཀྱི་ཡིན། དེ་བཞིན་ཐེངས་འདིའི་ལས་འགུལ་ཐོག་ནས་རྒྱ་ནག་གཞུང་ལ་བརྡ་ལན་ཧ་ཅང་གསལ་པོ་ཐེབས་ཡོད། བཀའ་སྤྱི་གཉིས་ཐོག་ནས་ཐང་སྟེང་ལ་དོན་དགོས་བྱུང་ཡང་དོན་གྱི་རེད། བོད་ནང་ཡོད་པའི་ང་ཚོའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླའི་མངོན་འདོད་མ་འགྲུབ་བར་དུ་ང་ཚོས་དཀའ་ལས་བརྒྱབ་ཀྱི་ཡིན། ཉེ་ཆར་རང་རྒྱ་ནག་གཞུང་ནས་བོད་མི་བརྒྱད་ལ་ཁྲིམས་ཐག་བཅད་པ་མ་ཟད། བོད་མི་གཅིག་ལ་རང་ལུས་མེར་སྲེག་གཏོང་མཁན་དང་འབྲེལ་བ་ཡོད་པར་བསྙད་དེ་ལོ་གཉིས་རྗེས་སྲོག་ཁྲིམས་ཀྱི་ཉེས་པ་བཏང་འདུག དེ་བཞིན་བོད་མི་བདུན་ལ་དུས་ཡུན་རིང་པོའི་ཁྲིམས་ཐག་བཅད་འདུག རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་མི་ལོ་ལྔ་བཅུ་བརྒལ་བའི་རིང་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་གདུག་རྩུབ་བཏང་ཡོད། འོན་ཀྱང་བོད་མི་ཚོས་རང་མི་རིགས་ཀྱི་ལ་རྒྱ་དང་སེམས་ཤུགས། སྙིང་སྟོབས། རྡོག་རྩ་ཆིག་སྒྲིལ་ཡིན་པའི་རྣམ་པ་ལོ་ལྔ་བཅུ་ལྷག་ཙམ་རིང་རྒྱུན་མ་ཆད་པའི་ཐོག་བསྟན་ཡོད། ད་དུང་ཡང་མུ་མཐུད་ནས་སྟོན་གྱི་རེད་བསམས་ཀྱི་ཡོད།

 

རྒྱ་ནག་གཞུང་ནས་ཕལ་ཆེར་ང་ཚོས་ལྡི་ལིར་ལས་འགུལ་སྤེལ་བའི་དུས་ཚོད་བདམས་པའི་ཐོག་ནས་ང་ཚོར་བརྡ་ལན་ཞིག་གཏོང་གི་ཡོད་པ་རེད་སྙམ་གྱི་འདུག འོན་ཀྱང་ཁྲིམས་ཐག་བཅད་པའི་དུས་ཚོད་དེ་ང་ཚོའི་དུས་ཚོད་དང་བསྟུན་ནས་ང་ཚོར་ བརྡ་ལན་གཏོང་གི་ཡོད་ན། དང་ཐོག་ང་ཚོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མི་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་ལས་འགུལ་སྤེལ་གྱི་ཡོད་པའི་བརྡ་ལན་རྒྱ་ནག་གཞུང་ལ་འཕྲོད་པའི་རྟགས་མཚན་རེད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་ཐེངས་འདིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ་གནང་ཡོད། །

Menu