བོད་མི་དང་བོད་དོན་རྒྱབ་སྐྱོར་བ་འདུ་འཛོམས། རྒྱ་གར་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་ཆབ་སྲིད་མི་སྣའི་གསུང་བཤད། མཛད་སྒོ་ལེགས་གྲུབ་ཀྱི་མཇུག་བསྡོམས་གསུང་བཤད་བཅས།
ཐོག་མར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཛད་རིམ་སྙན་སྒྲོན་གནང་། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར་གྱི་བློན་ཆེན་ཟུར་པ་དང་། རྒྱ་གར་གྱི་སྲིད་དོན་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཡཤ་ཝནཏ་སིནྷ་ (Mr. Yashwant Sinha) མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། བོད་རྒྱ་མིས་དབང་བསྒྱུར་བྱས་ནས་ལོ་མང་པོ་དེ་འདྲ་སོང་ཡང་། ད་དུང་ཁྱེད་རང་ཚོས་སེམས་ཤུགས་མ་ཆག་པར་བོད་དོན་འཐབ་རྩོད་རྒྱུན་གནས་ཐུབ་པ་དེ་ལ་བསྔགས་བརྗོད་ཡོད། འཐབ་རྩོད་ལ་དུས་ཡུན་ག་ཚོད་འགོར་ཡང་རྒྱལ་ཁ་དེ་བདེན་པ་ལ་ཐོབ་ཀྱི་རེད། དེར་བརྟེན་མཐར་ཐུག་གི་རྒྱལ་ཁ་བོད་ལ་འཐོབ་ངེས་པ་རེད། བོད་པ་ཚོ་སེམས་ཤུགས་དུས་ནམ་ཡང་ཆག་རྒྱུ་ཡོད་པ་མ་རེད། དེ་རིང་ངས་ཁྱེད་རང་ཚོའི་མདུན་དུ་ལངས་ནས་དགོངས་དག་ཞུ་རྒྱུ་ཡིན། རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་ཇི་ཙམ་དགོས་པ་དེ་ཙམ་མ་བྱུང་བར་དགོངས་སེལ་ཞུ་རྒྱུ་ཡིན། དངོས་གནས་ཡིན་ན་འཛམ་བུ་གླིང་འདིར་བོད་དོན་རྒྱབ་སྐྱོར་བྱེད་ཆེ་ཤོས་བྱེད་མཁན་དེ་རྒྱ་གར་གཞུང་ཡིན་དགོས་པ་རེད་དེ། དེ་ཙམ་བྱུང་ཡོད་མ་རེད། ཡིན་ནའང་ད་བར་རྒྱ་གར་མི་མང་གི་རྒྱབ་སྐྱོར་ཤུགས་ཆེ་ཐག་ཆོད་ཡོད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་བཏང་བ་དེ་༧རྒྱལ་བ་རིན་པོ་ཆེ་དང། ཕྱི་ཕྱོགས་ནས་རྒྱུད་སྐུལ་བྱས་པ་རེད་ཅེས་ཁ་གཡར་ནས་ཉེ་ཆར་མི་གཉིས་ཀྱི་ནང་ནས་གཅིག་ལ་སྲོག་ཁྲིམས་དང་། གཅིག་ལ་ལོ་བཅུའི་ཁྲིམས་ཐག་བཅད་པ་དེ་ངོ་ཚ་དགོས་པ་ཞིག་རེད། ད་ལོའི་ཕྱི་ཟླ་༣ པའི་ནང་དུ་༧གོང་ས་མཆོག་རྒྱ་གར་གྱི་གྲོས་ཚོགས་ནང་བསྐྱར་དུ་གདན་འདྲེན་ཞུ་རྒྱུ་ནི། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཐག་བཅད་ཟིན་པ་ཡིན། ཞེས་སོགས་གསུངས་ཡོད་པ་རེད།
རྒྱ་གར་ BJP སྲིད་དོན་ཚོགས་པའི་གཞོན་ནུའི་སྡེ་ཚན་གྱི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཨ་ནུ་རཀ་ཐཱ་ཀུར་ཀ་ཤབ་ (Sh. Anurag Thakur Kashyap, MP) མཆོག BJP སྲིད་དོན་ཚོགས་པའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མི་བྷལ་སྦིར་པུནྗ་ (Shri Balbir Punj ji, MP, ) མཆོག བྷི་ཧར་གྱི་མངའ་སྡེའི་བློན་ཆེན་ཟུར་པ་དང་ཇཀ་ཁན་གྱི་གྲོས་ཚོགས་ཚོགས་གཙོ་ཟུར་པ་རྒྱ་གར་གྲོས་ཚོགས་འཐུས་མི་ཨིན་དྷར་སིང་ནམ་དྷ་རི་ (Sh. Inder Singh Namdhari, MP,) མཆོག་དང་ཁོང་གི་བུ་མོ་ཨམྲིཊ་ཀ་ཨཽར་མཆོག ལྡི་ལི་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཝི་ཇཻ་མལ་ཧོ་ཊརཱ་ (Shri Vijay Malhotra, MLA, State Opposition leader of Delhi,) མཆོག བོད་དོན་རྒྱབ་སྐྱོར་བ་ཀུལ་ཌིབ་ཅན་དྷར་ཨཀ་ནི་ཏོ་རི་ (Sh. Kuldip Chandra Agnithori, Bharat Tibet Sayog Manch) མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨིན་དྷེརཤ་ཀུ་མར་ (Shri Indresh Kumar, Patron, Bharat Tibet Sayog Manch.) མཆོག
BJP སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་ཨུ་མེཤ་དྷཊ་ (Sh. Umesh Dutt, ABVP,) མཆོག ཕྱི་ཡི་རྒྱལ་ཁབ་མང་པོར་གཞུང་ཚབ་གནང་བ་སོགས་རྒྱ་གར་ཕྱི་སྲིད་ཀྱི་ལས་དོན་མི་ལོ་ ༣༩ རིང་གནང་མྱོང་མཁན་རན་ཇཻ་ཏ་གྷུབ་ཏཱ་ (Former Ambassador Rangeet Gupta) མཆོག ལྡི་ལིའི་ཁ་ཆེ་ (Jammat-e-Ulama-e-Hind) ཚོགས་པའི་དྲུང་ཆེ་མུཕ་ཏི་ཨབ་དྷུལ་ས་མི་ཀསམི་ (Mufti Abdussami Qasmi, General Secretary, Jammat-e-Ulama-e-Hind,) མཆོག རྒྱ་གར་ཁ་ཆེ་ (All India Muslim Meo Vikas Parishad,) ཚོགས་པའི་དྲུང་ཆེ་ཁུར་ཤིད་ར་ཇཱ་ཀ་ (Sh. Khurshid Rajaka, General Secretary, All India Muslim Meo Vikas Parishad,) མཆོག རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཀོང་རེ་སི་རྒྱལ་ཡོངས་འགན་ལྷན་ཚོགས་མི་རའུཕ་ (Dr. Rauf, former MP and member of AICC, Abay Sinha, Loknayak Jayaprakash International Studies Development Center,) མཆོག རྒྱ་གར་ RLD སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་། གྲོས་ཚོགས་འཐུས་མི་ཇ་ཡནཏ་ཅོ་དྷུ་རི་ (Shri Jayant Chaudhary, General Secretary of Rashtriya Lok Dal) (RLD) མཆོག BJP སྲིད་དོན་ཚོགས་པའི་མགྲིན་ཚབ་པ་གཙོ་བོ་དང་གྲོས་ཚོགས་གོང་མའི་འཐུས་མི་ར་ཝི་ཤན་ཀར་པྲསདྷ་ (Ravi Shankar Prasad MP, Chief Spokesperson, BJP, Rajya Sabha Deputy leader) མཆོག
ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ནས་རིམ་བཞིན་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་དང་། ཆུ་ཚོད་ ༥།༠༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་གདུང་སེམས་མཉམ་སྐྱེད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པའི་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་འུར་འདོན་དང་། འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་སྙན་འབུལ་གྲུབ་རྗེས་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་ཐེངས་འདིའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་པ་རེད། བོད་རྒྱལ་ལོ།། བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་ ༢༠༡༣ ཟླ་ ༢ ཚེས་ ༢ ལ།།
|