བོད་མི་མང་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་བྱང་ཨ་རིར་བོད་དོན་ཞུ་སྐུལ་སོགས་ཀྱི་ལས་རིམ་མཇུག་སྒྲིལ་བ།

༄༅། །བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་སྣེ་ཁྲིད་པའི་ཐོག སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དང་། གྲོང་ཁྱེར་ནིའུ་ཡོག་བཅས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། རང་རིགས་མི་མང་ལ་གསུང་བཤད། སྐད་ཡིག་སློབ་གྲྭའི་མཛད་སྒོར་མཉམ་ཞུགས་བཅས་གནང་སྟེ་ཕྱི་ཟླ་ ༦ ཚེས་ ༢༢ ཉིན་ལས་དོན་ཡོངས་སུ་མཇུག་སྒྲིལ་གནང་ཡོད།

དེ་ཡང་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དུ་གཟིགས་སྐོར་དང་། འགན་འཛིན་དང་ལས་བྱེད་ལ་མཇལ་འཕྲད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་འཚམས་འདྲི། དེ་བཞིན་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་ནས་གླེང་མོལ་ལས་རིམ་གྱི་བཅར་འདྲིར་དང་ལེན་བཅས་ཞུས་གནང་ཡོད་པ་དང་། དེ་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊོམ་སའོ་ཛི་ (Tom Suozzi) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་ (Ted Yoho) མཆོག་རྣམ་གཉིས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་སོགས་སྔར་བཞིན་གནང་སྟེ་ཨ་རིའི་རྒྱལ་སའི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།  ཨ་རིའི་རྒྱལ་སར་བོད་དོན་ཞུ་སྐུལ་རིང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་དང་། དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། འབྲེལ་ཡོད་ལས་བྱེད་སྐལ་བཟང་སྒྲོལ་མ་ལགས་བཅས་མཉམ་བཅར་ཞུས་གནང་ཡོད་འདུག

ཕྱི་དྲོ་རྒྱལ་ས་ཝ་ཤིང་ཀྲོན་ནས་ཕེབས་ཐོན་གྱིས་དགོང་མོ་གྲོང་ཁྱེར་ནིའུ་ཡོག་ཏུ་འབྱོར་སྐབས། ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་བོད་མི་རྣམས་འདུ་འཛོམས་སར་བརྗོད་གཞི་ཆ་བགོས་ཀྱིས་ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བྱང་ཨ་རིར་ཕེབས་དོན་སྐོར་དང་། འདིེར་ཕེབས་འབྱོར་རྗེས་ལས་དོན་ཇི་བྱུང་སྐོར། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་བྱ་ཕྱོགས་སྤྱི་དང་ལྷག་པར་བོད་ཀྱི་སྐད་ཡིག་བདག་སྐྱོང་བྱེད་ཕྱོགས་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན་ནས་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་ཆབ་སྲིད་ཀྱི་འགན་ཁུར་ཕྱོགས། བོད་ཀྱི་ཡུལ་མིའི་ལས་འགན་དང་བླང་དཔྱ་དངུལ་འབུལ་ཕྱོགས་སྐོར་བཅས་གསུང་བཤད་དང་། མི་མང་གིས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཟླ་ ༦ ཚེས་ ༢༢ ཉིན་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༢༣ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་གདན་ཞུས་སར་བོད་མི་མང་སྤྱི་འཐུས་རྣམས་དམིགས་བསལ་སྐུ་མགྲོན་དུ་ཆེད་བཅར་ཐོག་རིག་རྩལ་འགྲན་བསྡུར་གྱི་བྱ་དགའ་གསོལ་སྩལ་དང་། སྐབས་བསྟུན་གསུང་བཤད། སྤྱི་ཁང་ཕུན་ཚོགས་སྡེ་བཞིར་གཟིགས་སྐོར་བཅས་གནང་སྟེ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ལས་དོན་འཆར་བསྒྲིགས་གནང་དོན་ལྟར་གྱི་གཞུང་འབྲེལ་ལས་རིམ་ཡོངས་སུ་མཇུག་སྒྲིལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། །

Menu