བོད་མི་མང་སྤྱི་ལྷན་གྱི་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཨེ་མེ་ནུ་ཨལ་མེཀ་རོན་ Emmanuel Macron མཆོག་ལ་ཕ་རན་སིའི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ།

 

 

༄༅། །ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཨེ་མེ་ནུ་ཨལ་མེཀ་རོན་ Emmanuel Macron མཆོག་ལ་ཕ་རན་སིའི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

ངས་སྐུ་ཉིད་ཀྱིས་འགོ་ཁྲིད་པའི་སྲིད་གཞུང་གི་འོག་ཕ་རན་སི་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་པ་མ་ཟད་ཕ་རན་སི་རྒྱལ་ཁབ་ཀྱི་མདུན་ལམ་དང་། དེ་བཞིན་ཞི་བདེ་དང་བརྟན་རླིང་། ཡར་རྒྱས་གོང་འཕེལ་ཕྱོགས་སུ་བསྐྱོད་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་སྐུ་ཉིད་མཆོག་གིས་ ༢༠༡༦ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་མཆོག་དང་མཇལ་འཕྲད་གནང་བ་དང་། བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐུ་ཉིད་མཆོག་གི་སྲིད་གཞུང་གསར་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་སྤྱི་དང་། བོད་དོན་དཀའ་རྙོག་གསལ་ཐབས་སུ་མུ་མཐུད་བོད་དོན་འཐབ་རྩོད་ལ་སྔར་བཞིན་རྒྱབ་སྐྱོར་གནང་བའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན།།

 

Menu