༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ པ་དབུ་འབྱེད་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལས་བསྡོམས་ཚོགས་ཆེན་ལ་ཕེབས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དམིགས་བསལ་སྐུ་མགྲོན་ Ram Swaroop མཆོག་དང་ Satya Kumar མཆོག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་དབུས་པའི་རྒྱུན་ལས་རྣམ་པ། བཀུར་འོས་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། གཞན་ཡང་གསར་འགོད་པ་བཅས་ཚང་མར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་སྦྲགས་གསུང་བཤད་གནང་དོན།
དེ་རིང་ཚོགས་ཆེན་འདིའི་ཐོག་ལ་གོང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང་བ་དང་། དེ་བཞིན་ཚོགས་མིས་ལས་བསྡོམས་སྙན་སྒྲོན་ཞུས་པར་བལྟ་སྐབས། ང་ཚོ་བཙན་བྱོལ་བའི་གནས་སྟངས་ཅིག་གི་ཐོག་ནས་སྒྲིག་འཛུགས་དེ་འདྲ་བཙུགས་ཐུབ་པ་དང་། དངོས་སུ་ལོ་གྲངས་མི་ཉུང་བ་ཞིག་གི་ནང་ཕྱག་ལས་མང་པོ་ཞིག་གནང་ཐུཔ་པ་དེ་དག་ཧ་ཅང་གལ་ཆེན་པོ་ཞིག་ལ་མཐོང་གི་ཡོད། དེ་འདྲ་ཡིན་དུས་དེ་རིང་གོ་སྐབས་འདི་བརྒྱུད་ནས་འབྲེལ་ཡོད་ཚོང་ལས་བདེ་ཚོགས་དང་། ཚོགས་མི་ཚང་མར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་ང་ཚོ་གཞིས་བྱེས་མཉམ་འཛོམས་ཟེར་ནའང་འདྲ། གང་ལྟར་བོད་ཕྱི་ནང་གཉིས་ཀ་མཉམ་འཛོམས་ཡོང་བའི་དུས་སྐབས་སུའང་མུ་མཐུད་ནས་བོད་མི་ས་ཡ་དྲུག་གི་བདེ་དོན་གྱི་གནས་སྟངས་དང་། ལྷག་པར་ཚོང་ལས་ཐོག་ཞབས་འདེགས་ཞུ་ཐུབ་རྒྱུའི་དམིགས་ཚད་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།
དེང་སང་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་གཉིས་པའི་གྲས་སུ་ཚུད་པའི་རྒྱ་ནག་དེ་ང་ཚོའི་ཁ་གཏད་ཅིག་རེད། གཞི་རྩའི་འདིར་སྐད་ཆ་ཤོད་མཁན་མི་འདི་གྲྭ་པ་ཞིག་རེད། ཕྱོགས་གཅིག་ནས་དཔལ་འབྱོར་ཐོག་སློབ་སྦྱོང་བྱེད་མྱོང་མེད། གཉིས་ནས་ཚོང་ལས་བདེ་ཚོགས་ལ་དེ་བས་ཀྱང་ཚོང་གི་ལས་རིགས་གཉེར་མ་མྱོང་བ་ཡིན་སྟབས་སྐད་ཆ་མཐོ་དམའ་ཡོང་སྲིད་པ་རེད། འོན་ཀྱང་སྐབས་བབ་ཕྲན་བུ་ཕན་ཐོགས་ཡོང་བར་བསམས་ནས་ཚིག་འགའ་ཤས་ཤིག་ཞུ་འདོད་བྱུང་། འཛམ་གླིང་ནང་མི་འབོར་མང་ཤོས་ནི་རྒྱ་དཀར་ནག་གཉིས་ཆགས་ཡོད། གཙོ་བོ་རྒྱ་ནག་གཞུང་གི་སྲིད་འཛིན་ཟུར་པ་ཏེང་ཞའོ་ཕིང་སྐབས་ནས་དཔལ་འབྱོར་གྱི་སྲིད་བྱུས་གུ་ཡངས་པོའི་ཐོག་ཕྱི་ལ་སྒོ་མོ་ཕྱེ་བའི་ཐོག་ནས་ཧྲང་ཧེའི་མཚོན་པའི་མངའ་སྡེ་མང་པོ་ཞིག་ནང་ཚོང་གཉེར་གྱིས་གྲོང་ཁྱེར་བཟོས་ནས་འཛམ་གླིང་ནང་ལ་དཔལ་འབྱོར་ཐོག་དབང་སྒྱུར་བྱེད་མཁན་ཞིག་ཆགས་ཐུབ་ཡོད་ཀྱང་དབུལ་ཕྱུག་གི་ཁྱད་པར་ཤུགས་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཞིག་དང་དཔལ་འབྱོར་ལ་ཉེན་ཁ་ཡོད་པ་དཔལ་འབྱོར་རིག་པའི་ཉམས་ཞིབ་པ་ཚོས་བཤད་བཞིན་ཡོད། དེ་འདྲའི་ཐོག་ནས་ང་ཚོ་སྤྱི་ཡོངས་ནས་འཛམ་གླིང་གི་དཔལ་འབྱོར་འཕོ་འགྱུར་དེ་ལའང་དགོངས་པ་བཞེས་པའི་ཐོག་ནས་འབྲེལ་ཡོད་ཚང་མས་གོ་སྐབས་འདི་འཛིན་ཐུབ་དགོས་ཞེས་ཞུ་འདོད་བྱུང་།
དེ་བཞིན་འབྱུང་འགྱུར་གྱི་ལོ་བཅུ་ཕྲག་གཉིས་ནང་ལ་ད་ལྟ་ང་ཚོའི་གནས་ཡུལ་རྒྱ་གར་གྱི་གཞུང་དང་མི་མང་གི་དཔལ་འབྱོར་གནས་སྟངས་འདི་འཛམ་གླིང་ནང་ཤུགས་ཆེ་ཤོས་ཆགས་རྒྱུ་ཡིན་སྐོར་གྱི་སྙན་ཐོ་དེ་འདྲ་ཉམས་ཞིབ་པ་ཚོས་འདོན་བཞིན་འདུག དེ་ཚོའི་གྲས་ང་ཚོ་གནས་ཡུལ་རང་ལ་སྡོད་བཞིན་ཡོད་དུས་ཁྲོམ་ས་དང་མ་རྩ་གང་ཅིའི་ཐོག་ལ་ཡིན་ནའང་ཆ་ཤས་ལེན་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་མཐོང་གི་འདུག
དེ་བཞིན་གོང་དུ་ལས་བསྡོམས་སྙན་སྒྲོན་ཞུས་པའི་སྐབས་སུ་བོད་ནང་དང་འབྲེལ་བ་བྱ་རྒྱུའི་དམིགས་བསལ་ལས་འཆར་ཞིག་གསུངས་སོང་། བོད་ནང་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་ཤུགས་ཆེ་ཤོས་ཤིག་དབྱར་རྩ་དགུན་འབུ་ཆགས་བསྡད་ཡོད་པ་རེད། ཚོང་དེ་ལོ་གཅིག་གི་ནང་ཐེངས་རེ་མ་གཏོགས་མེད། གནས་སྟངས་དེའི་ཐོག་ནས་ཁྲོམ་ར་འཚོལ་རྒྱུ་དང་དབྱར་རྩ་དགུན་འབུ་རང་གི་ཐོག་ལ་མ་རྩ་ག་ཚོད་གནས་ཀྱི་ཡོད་མེད་ཐོག་ལ་ལམ་སྟོན་བྱེད་ཐུབ་པ་ཡིན་ན། རིགས་གཅིག་གིས་དབྱར་རྩ་དགུན་འབུ་འདི་ཧ་ཅང་གིས་ཕམ་ཚོང་བྱས་ནས་བོད་མི་རིགས་ལ་གྱོང་གུན་ཆགས་རྒྱུ། རིགས་གཅིག་གིས་བར་ལ་ཁེ་སང་ཤུགས་ཆེན་པོ་བླངས། དེ་འདྲའི་གནས་སྟངས་ལ་ཁྱད་པར་ཤུགས་ཆེན་པོ་འགྲོ་བཞིན་འདུག དེའི་ཐོག་ལ་ཞིབ་འཇུག་བྱེད་ནས་སྙན་ཐོ་འདོན་ཐུབ་ན་ཏན་ཏན་ཕན་ཐོགས་ཡོད་པ་རེད་བསམ་པ་དྲན་བཞིན་འདུག
བོད་ནང་རྒྱ་ནག་གི་ཚོང་པ་ཆེན་པོ་མང་པོ་སླེབས་ཀྱི་ཡོད་པ་དང་བོད་པའི་ཚོང་པ་ཁག་ཅིག་གིས་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་བཟོ་སྐྲུན་ཤུགས་ཆེན་པོ་གནང་བ་དང་། དངུལ་ཕོན་ཆེན་པོ་བྱུང་བ་རྣམས་དངུལ་ཁང་ནང་མ་བཞག་པར་སྐྱེད་ཀ་དངུལ་ཕོན་ཆེན་པོ་ཐོབ་ཐབས་སུ་རྒྱ་མིའི་ཚོང་པ་ཚོའི་ལག་ཏུ་བཅོལ་བཞིན་ཡོད། འོན་ཀྱང་རྒྱ་ནག་གི་ཚོང་པ་དེ་དག་གར་སོང་ཆ་མེད་ཆགས་སྐབས། བོད་པའི་ཚོང་པ་དེ་ཚོར་སྐྱེད་འབབ་མ་ཐོབ་པ་མ་ཟད་རང་གི་མ་དངུལ་དེ་དག་ཀྱང་མ་ཐོབ་པའི་གནས་སྟངས་རིགས་གང་མང་བྱུང་བཞིན་ཡོད་འདུག དེ་ཚོའི་ཐོག་རང་དབང་ལུང་པའི་ནང་ཡོད་པའི་ང་ཚོས་ལམ་སྟོན་དང་། དེ་བཞིན་ཡུ་རོབ་དང་། ཨ་རི། ཨེ་ཤི་ཡ། གནས་ཡུལ་རྒྱལ་ཁབ་ནང་ཚོང་འབྲེལ་གྱི་གཏམ་བཤད་གནང་བའི་སྐབས་སུ་དེ་ཚོའི་གྲས་གླེང་སློང་ཐུབ་པ་ཡིན་ན་བོད་ནང་ལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་ཚོང་ལས་ཀྱི་གནས་སྟངས་ལ་ཐུགས་ཕན་གསོ་བའི་རེ་བ་མཐོང་བཞིན་འདུག
བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཟེར་ནའང་རེད། ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་རེད། དེ་དང་འབྲེལ་བའི་མི་ཚོས་དགོངས་པ་བཞེས་རྒྱུ་ཞིག་ལ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་མི་འབོར་ཆིག་འབུམ་ལྔ་ཁྲི་ཙམ་རེད། དེའི་ཁེ་སང་དང་མ་རྩ་གཅིག་པུར་འཐོམ་ནས་བསྡད་པ་ཡིན་ན། རྒྱ་ཆེན་པོ་ཞིག་དང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཡོང་མི་ཐུབ་པ་གསལ་པོ་རེད། བྱས་ཙང་མི་ཆིག་འབུམ་ལྔ་ཁྲི་ལས་བརྒལ་བའི་འཛམ་གླིང་མི་མང་འཐེར་འབུམ་མང་པོའི་ནང་ཁྲོམ་ར་དང་མ་འཛུགས། དེ་བཞིན་དགོས་མཁོ་བསྐོང་ཐུབ་ཐབས་ཀྱི་དམིགས་ཚད་འཛིན་ཐུབ་པ་ཡིན་ན་ཏན་ཏན་ནུས་པ་འཕར་མ་ཞིག་བཏོན་ཐུབ་ཀྱི་རེད་བསམ་གྱི་འདུག
དེང་སང་གི་དུས་ཚོད་ལ་ཆབ་སྲིད་ཀྱི་གནས་དོན་གལ་ཆེ་བ་མང་པོ་ཞིག་ལ་དཔལ་འབྱོར་གྱི་འཕོ་འགྱུར་གྱི་གནས་སྟངས་ལ་བརྟེན་ནས་འགྱུར་བ་འགྲོ་གི་ཡོད་པ་རེད། བྱས་ཙང་བོད་མིའི་རྩ་དོན་ཐོག་ལ་ནུས་པ་འདོན་ཐུབ་རྒྱུ། ལྷག་པར་དུ་ཚོང་ལས་བདེ་ཚོགས་ཀྱི་གནས་སྟངས་འཛམ་གླིང་སྤྱི་ཡི་ནང་འབུར་དུ་འདོན་ཐུབ་རྒྱུ། དེ་འདྲའི་དམིགས་ཚད་ཞིག་འཛིན་ནས་འབྲེལ་བ་འཇོག་ཐུབ་རྒྱུ། མི་མང་ཐེར་འབུམ་མང་པོའི་དགོས་མཁོ་བསྐོང་ཐུབ་རྒྱུ་བཅས་དུས་རྒྱུན་ནས་གལ་ཆེན་པོ་ཞིག་མཐོང་གི་འདུག
༸གོང་ས་སྐྱབས་མགོན་མཆོག་གི་སྐུ་དྲིན་ལ་བརྟེན་ནས་ནང་ཆོས་ལྟ་བུར་མཚོན་ན་བོད་མི་ས་ཡ་དྲུག་ཙམ་མིན་པར་དེ་ལས་བརྒལ་བའི་ནང་ཆོས་ཀྱི་སྒྲ་མ་བསྒྲགས་ས་ལའང་ནང་ཆོས་ལ་དོ་སྣང་སླེབས་པ་ གོ་སྐབས་གསར་པ་ཟེར་ནའང་མི་འདུག གནས་སྟངས་གསར་པ་ཞིག་གི་སྟེང་འཛམ་གླིང་སྤྱི་ཚོགས་ཡོངས་ལ་བོད་ཀྱི་རིག་གཞུང་གི་ཐོག་ནས་ལེགས་སྐྱེས་ཕུལ་ཐུབ་པ་ཡོང་གི་ཡོད་པ་རེད། དེ་དང་མཉམ་དུ་ཚོང་ལས་བདེ་ཚོགས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་གཞི་ལ་བཞག་པའི་ཐོག་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་སླེབས་ཐུབ་པ་ཡིན་ན་ཏན་ཏན་བོད་མི་རིགས་དང་འབྲེལ་བའི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས་ལྷག་པར་དུ་བོད་ཀྱི་རྩ་དོན་འཐབ་རྩོད་ལ་བྱས་རྗེས་རླབས་པོ་ཆེ་ཞིག་འཇོག་ཐུབ་རྒྱུ་དང་། དེ་བཞིན་ཚོང་ལས་གནང་མཁན་ཚང་མས་དམིགས་ཚད་མཐོ་པོ་འཛིན་ཐུབ་དགོས་པ་གལ་ཆེན་པོ་རེད།
མཐའ་མ་དེར་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་ཁ་ཤས་ཀྱིས་སྔོན་ལ་བོད་མིའི་སྒྲིག་འཛུགས་ནས་མ་འོངས་པར་བཀའ་སློབ་ལམ་སྟོན་ཞུ་རྒྱུ་དང་། མཐུན་འགྱུར་གནང་རྒྱུའི་འབོད་སྐུལ་ཞུས་སོང་བར། འཛིན་སྐྱོང་བཀའ་ཤག་ཐོག་ནས་ད་ལྟ་བར་དུ་རབ་དང་རིམ་པ་ཕྱག་རོགས་དང་ལམ་སྟོན་གནང་བ་དེ་འདྲ་བྱུང་འདུག དེ་དང་མཉམ་དུ་ཚོང་རྒྱག་མཁན་གྱི་ཚོང་པ་ཚོས་ཀྱང་ཚོང་གི་ཁེ་བབ་ལས་བརྒྱ་ཆ་བློས་བཅད་ཀྱིས་དཔལ་འབྱོར་ལས་ཁུངས་ལ་ཕུལ་ཐུབ་རྒྱུའི་དགོངས་པ་བཞེས་ཐུབ་ན་དེ་ཡང་ལེགས་ཆ་ཞིག་རེད། ནང་གི་འཚོ་གོས་ཁོ་ནར་བསམ་བློ་བཏང་ནས་བསྡད་ན་དེ་ཙམ་རྒྱ་ཆེ་རུ་འགྲོ་མི་ཐུབ་པ་གསལ་པོ་རེད། ང་རང་ཚོ་ཆོས་ཕྱོགས་ནས་ཕར་ཕྱིན་དྲུག་ནང་དང་པོ་སྦྱིན་པ་བཞག་ཡོད། སྦྱིན་པའི་སྟོབས་ཀྱི་ཐོག་ནས་རང་བཞིན་གྱི་ཚུར་ཡོང་བསྡད་པ་ཞིག དེ་བཞིན་ཕྱོགས་གཅིག་ནས་གཞུང་ལ་བརྩི་བཀུར་དང་ཕྱོགས་གཞན་ཞིག་ནས་བློས་བཅད་གནང་ཐུབ་པ་ཡིན་ན་གོམས་གཤིས་ཡག་པོ་ཞིག་དང་། མ་འོངས་པར་སྒྲིག་འཛུགས་ཀྱི་རྩ་དོན་འཐབ་རྩོད་ལའང་མ་རྩ་ལྟ་བུ་ཞིག་འཇོག་ཐུབ་པ་ཡིན་ན་ཏན་ཏན་ཐུགས་ཕན་གསོས་ཀྱི་རེད་བསམ་པ་ཞུ་འདོད་བྱུང་།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་། ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་དབུས་པའི་ཚོགས་མི་རྣམ་པའི་ལས་དོན་རྣམས་ལམ་ལྷོང་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།།