༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ཨིན་ཡུལ་རྒྱལ་ས་ལོན་ཌོན་ཧི་ཐོ་རོ་གནམ་ཐང་དུ་ཕེབས་འབྱོར་གནང་འདུག་པ་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཕྱི་ཚེས་ ༤ ཉིན་ཕེབས་འབྱོར་གནང་ཡོད་འདུག
སྤྱི་འཐུས་སྐུ་ཚབ་རྣམ་པ་ཕེབས་འབྱོར་སྐབས་སོ་སོར། ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་། ཨིན་ཡུལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག
དེ་ཡང་ཕྱི་ཚེས་ ༦ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་འཁྲིད་པའི་སྤྱི་འཐུས་བཞི་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སི་ཀོ་ཊི་ལེན་ཌི་ (Scotland) རྒྱལ་ས་ཨེ་ཌིན་བྷར་ (Edinburgh) དུ་རྟེན་གཞི་བྱས་པའི་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་ (Scottish Parliament) ནང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྗེས་དྲན་ཆེད་བོད་དང་ཨིན་གཞུང་དབར་གྱི་འབྲེལ་ལམ་ཐོག་པར་རིས་འགྲེམས་སྟོན་ཞིག་ཡོད་པ་དེར་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་ནང་ཡོད་པའི་ས་གནས་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་རྒྱལ་ས་ལོན་ཌོན་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་ཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩིའི་ཐོག་མཉམ་ཞུགས་དང་། ཕྱི་ཚེས་ ༡༡ ཉིན་ཨིན་ཡུལ་གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚབ་ཞུས་ཏེ་གསུང་བཤད་གནང་རྒྱུ། གཞན་ཡང་ཆེས་མཐོའི་མི་སྣ་སོགས་མཇལ་འཕྲད་ཀྱི་ལས་རིམ་ཡོད་པ་བཅས། །