བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཇར་ཁན་ཌ་མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག  སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ནས་ ༡༨ བར་ཉིན་གྲངས་དྲུག་རིང་རྒྱ་གར་ཤར་ཕྱོགས་ཇར་ཁན་ཌ་མངའ་སྡེའི་རྒྱལ་ས་རན་ཆི་ཁུལ་དུ་མངའ་སྡེའི་སྲིད་སྐྱོང་མཆོག་དང་། སྤྱི་ཁྱབ་བློན་ཆེན་མཆོག གཞན་ཡང་མངའ་སྡེའི་དཔོན་རིགས་ཁག་མཇལ་འཕྲད་སོགས་ཀྱི་བོད་དོན་ཞུ་སྐུལ་རེ་ཞིག་ལེགས་གྲུབ་བྱུང་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༨ ཉིན་རྒྱབ་ཆུ་ཚོད་  ༢།༡༥ ཐོག་རན་ཆིའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་ཁང་ནང་བོད་དོན་ཞུ་སྐུལ་ལས་འགུལ་སྤེལ་ཕྱོགས་དང་། བོད་མི་རྣམས་རྒྱ་གར་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་དུས་བབ་ (Times of India) དང་། ཧིན་དུ་སི་ཐན་དུས་བབ། (Hindustan Times) དེ་བཞིན་ (Kashish News, Jadeed Bharat, Taaza Tv, Sanmark, Aaj News) སོགས་གསར་འགྱུར་ཁང་ཁག་གི་གསར་འགོད་པ་བཅོ་ལྔ་ཙམ་ཕེབས་གནང་ཡོད་འདུག་པ་མ་ཟད། གསར་འགོད་པ་དྲུག་ཙམ་གྱིས་བོད་མིའི་མི་འབོར་དང་། ཆོས་དང་རིག་གཞུང་སྐོར།  སྔོན་མའི་འཕགས་བོད་ས་མཚམས་དང་། ད་ལྟའི་རྒྱ་དཀར་ནག་གི་ས་མཚམས་གནས་སྟངས།  འབྲི་ཆུ་དང་འབྲེལ་བའི་གནད་དོན།  རྒྱལ་ས་རན་ཆིར་གནད་ཡོད་མི་སྣ་མཇལ་འཕྲད་སྐོར། བོད་མིའི་དགུན་ཚོང་གི་གནས་སྟངས། རྒྱ་མིའི་མི་འབོར་ཇི་ཙམ་བོད་ཡུལ་ནང་སྤོ་ཤུགས་བྱས་ཡོད་མེད།

བོད་བརྒྱུད་ནང་བསྟན་འདི་རྒྱ་གར་ནཱ་ལེནྜའི་པཎ་གྲུབ་ཚོའི་ལྟ་གྲུབ་དང་བཞེད་སྲོལ་དྲི་མ་མེད་པ་ཞིག་དར་ཡོད་ཚུལ། གསེར་རྟ་བླ་བྲང་སྐོར།  རྒྱ་མིས་བཟོ་བསྐྲུན་བྱས་པའི་ལག་ཐོགས་ཁ་པར་ནང་ལྐོག་ཉན་ཐུབ་པའི་འཕྲུལ་ཆས་བཅུག་ནས་གཞིས་ལུས་བོད་མི་དང་བཙན་བྱོལ་བོད་མིའི་དབར་འབྲེལ་མོལ་གནང་ཕྱོགས་ཐད་དཀའ་ངལ་ཇི་ལྟར་བཟོ་བཞིན་པ།  བོད་ཡུལ་ནས་ཧ་ཅང་རིན་ཐང་བྲལ་བའི་གཏེར་ཁ་རྒྱ་མིས་སྔོག་འདོན་བྱས་དང་བྱེད་བཞིན་པའི་སྐོར། རྒྱ་མིས་ཁ་པར་ནང་གི་ལི་ཐི་ཡམ་ (Lithium) གློག་རྫས་ཧ་ཅང་མང་པོ་གསར་བཟོ་བྱེད་བཞིན་པའི་གནས་ཚུལ།  འཛམ་གླིང་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ཇི་ལྟར་ཁྱབ་གདལ་གནང་གི་ཡོད་མེད།  དེ་བཞིན་བོད་ཀྱི་ཁོར་ཡུག་ཐོག་རྒྱལ་སྤྱིའི་ནང་དོ་སྣང་ཇི་ལྟར་ཡོད་མེད། ཕྱི་ལོ་ ༡༩༥༩ སྔོན་དང་ད་ལྟའི་བོད་ཀྱི་གནས་བབ་སྐོར།  རྒྱ་གར་ཐུགས་རྗེ་ཆེ་ཞེས་པའི་ལས་འགུལ་འདི་རྒྱ་གར་རྒྱལ་ཡོངས་ནང་ཇི་ལྟར་སྤེལ་བཞིན་ཡོད་མེད་སྐོར་བཅས་ལ་དོགས་འདྲི་གནང་བར་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད་པ་མ་ཟད།   གསར་འགོད་པ་ཚོར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་པར་བསྐྲུན་གནང་བའི་ཧིན་དི་དང་ཨིན་ཡིག་གཉིས་ཀྱི་ནང་ཡོད་པའི་བོད་མིའི་གནད་དོན་དང་འབྲེལ་བའི་ཡིག་ཆ་ཁག་དྲུག་ཙམ་ཕུལ་གནང་ཐུབ་པ་བྱུང་ཡོད་འདུག

དེ་ཉིན་ཕྱི་དྲོ་སྤྱི་འཐུས་རྣམ་པ་ཇར་ཁན་ཌ་རྒྱལ་ས་རན་ཆི་ནས་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་བཅས། །