བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཇར་ཁན་ཌ་མངའ་སྡེའི་རྒྱལ་ས་རན་ཆི་ཁུལ་དུ་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཇར་ཁན་ཌ་མངའ་སྡེའི་ཆུའི་ཐོན་ཁུངས་དང་འཐུང་ཆུའི་བློན་ཆེན་དང་། མངའ་སྡེའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་ཅཱན་དྷ་ར་ པར་ཀཱ་ཤི་མཆོག

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ནས་རྒྱ་གར་ཤར་ཕྱོགས་ཇར་ཁན་ཌ་ (Jharkhand) མངའ་སྡེའི་རྒྱལ་ས་རན་ཆི་ (Ranchi) ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༧ ཉིན་མངའ་སྡེའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།

མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུ་དཱིར་ ཊི་རི་པ་ཐི་མཆོག

དེ་ཡང་ཕྱི་ཚེས ༡༧ ཉིན་རྒྱབ་ཇར་ཁན་ཌ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུ་དཱིར་ ཊི་རི་པ་ཐི་ (Shri Sudhir Tripathi,Chief Secretary of Jharkhand) མཆོག་དང་མཇལ་འཕྲད་གནང་སྟེ། ཕྱི་ལོ་ ༢༠༡༨ ལོ་འདི་ནི་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། རྒྱ་གར་གནད་ཡོད་མི་སྣ་ཁག་མཇལ་འཕྲད་ཀྱིས་བཀའ་དྲིན་མཚོན་བྱེད་དུ་ཕྱག་རྟགས་འབུལ་བཞིན་ཡོད་ལུགས་སོགས་ཀྱི་སྐོར་དང་།  ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནད་དོན། བོད་ཀྱི་ཆོས་དང་རིག་གཞུང་སྐོར།  དེ་བཞིན་ས་གནས་དགུན་ཚོང་གི་དཀའ་ངལ་ཐད་ལའང་སྙན་ཞུ་ཕུལ་གནང་ཡོད་པ་དང་། སྐབས་དེར་དྲུང་ཆེ་མཆོག་ནས་བོད་ཀྱི་གནད་དོན་ཁག་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ལ་སྙན་ཞུ་འབུལ་རྒྱུ་ཡིན་ལུགས་སོགས་གསུངས་གནང་ཡོད་པ་བཅས་ཕན་ཚུན་སྐར་མ་ ༢༠ ཙམ་རིང་གནད་དོན་ཁག་གི་ཐད་གོ་བསྡུར་ལྷུག་པོ་གནང་ཡོད་འདུག

ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་ལས་དོན་དང་། བཟའ་བཅའི་བློན་ཆེན་སྐུ་ཞབས་སར་ཡུ་ རཡེ་མཆོག

ཕྱི་དྲོ་ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་ལས་དོན་དང་། བཟའ་བཅའི་བློན་ཆེན་སྐུ་ཞབས་སར་ཡུ་ རཡེ་ (Shri Saryu Rai, Parliamentary Affairs, Food public distribution & Consumer affairs Minister) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་དང་། འབྲི་ཆུའི་གནད་དོན་སྐོར་བཅས་ལ་སྐར་མ་ ༢༠ ཙམ་རིང་གོ་བསྡུར་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ ༧གོང་ས་མཆོག་གི་མཚན་སྨོས་སྐབས་སུ་བློན་ཆེན་མཆོག་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་དད་གུས་ཀྱིས་རྣམ་པ་མངོན་པའི་ཐོག་གནད་དོན་ཁག་གསན་བཞེས་གནང་ཡོད་པ་དང་། དེ་བཞིན་ཁོང་གིས་གསུང་དོན། ཁྱེད་རྣམ་པས་ང་ཅི་འདྲ་ཞིག་ལ་དགོས་དབང་གིས་བེད་སྤྱོད་བྱེད་ནའང་ཆོག་ལ་ངས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཡོད་ཅེས་བཀའ་མོལ་ཧ་ཅང་ཡག་པོ་གནང་འདུག་པ་མ་ཟད། བློན་ཆེན་མཆོག་གིས་སྤྱི་འཐུས་རྣམ་པ་བློན་ཆེན་གཟིམ་ཤག་གི་ནང་ནས་ལྕགས་ཀྱི་རྒྱལ་སྒོའི་བར་དུ་ཕེབས་བསྐྱེལ་ཞུས་གནང་ཡོད་འདུག

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཇར་ཁན་ཌ་མངའ་སྡེའི་ཆུའི་ཐོན་ཁུངས་དང་འཐུང་ཆུའི་བློན་ཆེན་སྐུ་ཞབས་ཅཱན་དྷ་ར་ པར་ཀཱ་ཤི་མཆོག་དང་མཇལ་མོལ་གནང་སྐབས།

དེ་ཉིན་དགོང་དྲོ་ཆུ་ཚོད་ ༨ པའི་ཐོག་ས་གནས་རན་ཆིའི་བོད་མིའི་དགུན་ཚོང་ཚོགས་པའི་ཚོགས་གཙོ་ཚེ་རིང་དགྲ་འདུལ་ལགས་དང་། ཚོགས་གཞོན་བསྟན་འཛིན་ལྷུན་འགྲུབ་ལགས་རྣམ་གཉིས་ལྷན་མངའ་སྡེའི་ཆུའི་ཐོན་ཁུངས་དང་འཐུང་ཆུའི་བློན་ཆེན་དང་། མངའ་སྡེའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་ཅཱན་དྷ་ར་ པར་ཀཱ་ཤི་ (Shri.Chandra Prakash Choudhary,  Water Resouces,Drinking Water &Sanitation Minister and Leader of All Jharkhand Students Union) མཆོག་དང་ཆུ་ཚོད་ཕྱེད་ལྷག་རིང་མཇལ་མོལ་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་འདི་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཚིགས་དང་བསྟུན་རྒྱ་གར་དབུས་སའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་པའི་ལས་འགུལ་སྤེལ་ཕྱོགས་སྐོར་དང་།  སྔོན་དུས་འཕགས་བོད་དབར་གྱི་འབྲེལ་བ་དང་ས་མཚམས་བཅས་ཀྱི་ཐོག་གླེང་མོལ་དང་།  དེ་བཞིན་བོད་ནས་རྒྱ་གར་གཙོས་པའི་བལ་ཡུལ་དང་། བྷར་མ།  པ་ཀི་སི་ཐན་རྒྱལ་ཁབ་བཅས་སུ་ཆུ་བོ་ཇི་ལྟར་བབས་བཞིན་ཡོད་མེད་སོགས་ཀྱི་གནས་བབ་ངོ་སྤྲོད་གནང་ཡོད་པ་བཅས། །

ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་ལས་དོན་དང་། བཟའ་བཅའི་བློན་ཆེན་སྐུ་ཞབས་སར་ཡུ་ རཡེ་མཆོག་དང་མཇལ་མོལ་གནང་སྐབས།

མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུ་དཱིར་ ཊི་རི་པ་ཐི་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་ཕྱག་དེབ་འབུལ་སྐབས།

ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་ལས་དོན་དང་། བཟའ་བཅའི་བློན་ཆེན་མཆོག་ལ་ཕྱག་རྟགས་འབུལ་སྐབས།

Menu