བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཇར་ཁན་ཌ་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཇར་ཁན་ཌ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རཱ་གྷུ་བྷར་ དཱ་ས་ (Shri. Raghubar Das,Chief Minister of Jharkhand) མཆོག

༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ནས་རྒྱ་གར་ཤར་ཕྱོགས་ཇར་ཁན་ཌ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༦ ཉིན་མངའ་སྡེའི་སྲིད་སྐྱོང་མཆོག་དང་། སྤྱི་ཁྱབ་བློན་ཆེན་སོགས་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་ཌོ་རའོ་པ་ཌི་ མུར་མུ་ (Smt. Droupadi Murmu,Governor of Jharkhand) མཆོག

དེ་ཡང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྔ་དྲོ་ཐོག་མར་མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་ཌོ་རའོ་པ་ཌི་ མུར་མུ་ (Smt. Droupadi Murmu,Governor of Jharkhand) མཆོག་དང་མཇལ་འཕྲད་ཀྱིས་ཐོག་མར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་དང་འབྲེལ། བོད་ཀྱི་ད་ལྟའི་གནས་བབ་ཐོག་དཀའ་སྡུག་ཇི་ཡོད་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་།  ཁོར་ཡུག་གི་གནས་བབ། བོད་ནས་རྒྱ་གར་ཕྱོགས་སུ་བབས་བཞིན་པའི་ཆུ་བོ་ཁག་ལ་རྒྱ་ནག་གཞུང་གིས་ཚུ་མཛོད་བརྒྱབ་པར་བརྟེན་ད་ལྟའི་ཆར་རྒྱ་གར་གྱི་ཁོར་ཡུག་སོགས་ལ་དཀའ་ངལ་ཡོད་སྐོར། ས་གནས་རན་ཆིའི་བོད་མི་དགུན་ཚོང་བའི་གནས་སྟངས་ལ་ད་བར་མངའ་སྡེའི་གཞུང་ནས་གཟིགས་སྐྱོང་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་འབྱུང་འགྱུར་ཡང་དེ་ལྟར་མུ་མཐུད་གཟིགས་སྐྱོང་གང་ཡོང་གནང་རྒྱུའི་རེ་སྐུལ་ཞུས་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནས་བབ་ལ་སེམས་འཚབ་ཡོད་གནས་དང་། འབྱུང་འགྱུར་བོད་ཀྱི་གནད་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ས་གནས་བོད་མིའི་དགུན་ཚོང་གི་པོ་ཏཱ་ལའི་ཚོང་རའི་ས་གནས་སུ་མ་འོངས་པར་ཕེབས་འཆར་ཡོད་པ་དང་། དེ་བཞིན་རྒྱབ་སྐྱོར་གང་དགོས་གནང་རྒྱུ་ཡིན་པའི་ཞལ་བཞེས་དང་། བོད་ཀྱི་གནད་དོན་རྒྱ་གར་དབུས་གཞུང་ལ་ཡར་སྙན་ཞུ་ཕུལ་འཆར་ཡོད་སྐོར་སོགས་གསུངས་གནང་བ་བཅས་ཕན་ཚུན་ཆུ་ཚོད་ཕྱེད་ཙམ་རིང་བོད་དོན་སྐོར་གོ་བསྡུར་གནང་ཡོད་འདུག

ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཌི་ནེ་ཤི་ ཨོ་རའོན་མཆོག

ཉིན་རྒྱབ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཌི་ནེ་ཤི་ ཨོ་རའོན་ (Shri.Dinesh Oraon,Speaker of Jharkhand Legislative Assembly) མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ཀྱི་གནས་བབ་དང་།  འབྲི་ཆུ་དང་འབྲོག་ལམ་སོགས་ཀྱི་གནད་དོན་ཐོག་ཕན་ཚུན་གླེང་མོལ་དང་།  དེ་བཞིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་ཆ་ཚང་བཅས་སྐར་མ་ ༤༠ ཙམ་རིང་ཕན་ཚུན་བོད་ཀྱི་གནད་དོན་ཐད་གོ་བསྡུར་གནང་ཡོད་པ་དང་། དེ་བཞིན་སྐབས་དེར་གྲོས་ཚོགས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱི་གསར་འགོད་པ་སྐད་བཏང་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་གླེང་མོལ་ཆ་ཚང་གྲོས་ཚོགས་གསར་འགྱུར་ཐོག་ཏུ་སྤེལ་དགོས་པའི་བཀའ་མངགས་གནང་འདུག་པ་དང་།  དེ་རྗེས་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་མ་ཧིན་དར་ སིང་ པར་སཏ་ (Mahinder Singh Prasad) ལགས་ཀྱིས་སྤྱི་འཐུས་རྣམ་པ་གྲོས་ཚོགས་ཚོགས་ཁང་ནང་གདན་ཞུས་ལྟར་གཟིགས་བསྐོར་དང་སྦྲགས། གྲོས་ཚོགས་འཐུས་མི་གྲངས་ ༨༢ ཡོད་པ་སོགས་གྲོས་ཚོགས་ཀྱི་ལས་རིམ་ངོ་སྤྲོད་གནང་ཡོད་འདུག

ཇར་ཁན་ཌ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རཱ་གྷུ་བྷར་ དཱ་ས་མཆོག

ཕྱི་དྲོ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རཱ་གྷུ་བྷར་ དཱ་ས་ (Shri. Raghubar Das,Chief Minister of Jharkhand) མཆོག་དང་། དྲུང་ཆེ་ལྷན་མཇལ་འཕྲད་གནང་སྟེ། གཞིས་ལུས་བོད་མིའི་མི་འབོར་དང་། བཙན་བྱོལ་བོད་མིའི་མི་འབོར་གྲངས་ཚད་བཅས་ལ་དོགས་འདྲི་གནང་བར་ལན་འདེབས་གསལ་བཤད་དང་སྦྲགས། བོད་ཀྱི་ཆོས་དང་རིག་གཞུང་ཆ་ཚང་རྒྱ་གར་ནས་བྱུང་ཚུལ་དང་། ང་ཚོས་སོ་སོའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་འབད་བརྩོན་ཞུ་བཞིན་ཡོད་སྐོར། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནི་གཉིས་སྨན་དབུ་མའི་ལམ་ཡིན་པ་ལས་རང་བཙན་རྩོད་ལེན་བྱེད་ཀྱི་མེད་སྐོར་སོགས་ཞུས་གནང་བ་མ་ཟད། ས་གནས་བོད་མིའི་དགུན་ཚོང་ཁག་ལ་རོགས་རམ་སྔར་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད་འདུག

སྐབས་དེར་བློན་ཆེན་མཆོག་ནས་ས་གནས་འདིར་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གསར་བཞེངས་གནང་མུས་ཡིན་སྐོར་དང་རྗེས་སོར་རབ་གནས་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་དགོས་ཀྱི་རེ་སྐུལ་ཡང་ཞུས་གནང་བ་དང་ཆབས་ཅིག སྤྱི་འཐུས་རྣམ་པ་རེས་གཟའ་ཉི་མར་ས་གནས་དེར་གཟིགས་བསྐོར་གནང་དགོས་ཚུལ།  དེ་བཞིན་བློན་ཆེན་ཁོང་རྒྱ་ནག་རྒྱལ་ས་པེ་ཅིང་སོགས་ལ་ཕེབས་མྱོང་བའི་སྐོར་བཅས་ཆུ་ཚོད་ཕྱེད་ལྷག་རིང་ཕན་ཚུན་གོ་བསྡུར་གནང་ཡོད་འདུག

ཕྱོགས་མཚུངས་ས་གནས་ (Jharkhand Khadi Gramodyog Board India) ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སན་ཇེ་ སི་ཏི་ (Sanjay Seth, chairman) ལགས་དང་ལྷན་མཇལ་འཕྲད་གནང་རྗེས། ཁོང་གིས་སྤྱི་འཐུས་རྣམ་པ་བཟོ་གྲྭའི་ (khadi India) ནང་གདན་ཞུས་ལྟར་གཟིགས་བསྐོར་དང་ངོ་སྤྲོད་སོགས་གནང་ཡོད་འདུག

གོང་གསལ་དཔོན་རིགས་མཇལ་འཕྲད་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་སུ་དྷེ་ཤ་ ཀུ་མར་ ཅཱན་དྷར་ཝན་ཤི་ (Shri.Sudesh Kumar Chandravanshi, Regional Convenor, Core Group for Tibetan Cause) ལགས་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ར་ཇན་ (Rajan) ལགས།  དེ་བཞིན་བོད་མིའི་དགུན་ཚོང་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ལྷུན་འགྲུབ་ལགས་བཅས་ལྷན་བཅར་ཞུས་གནང་ཡོད་པ་བཅས། །