བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་སྲིད་སྐྱོང་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བན་ཝ་རི་ལལ་ པུ་རོ་ཧིཊ་ (Shri. Banwarilal Purohit,Honourable Governor of Tamil Nadu) མཆོག

༄༅། །བོད་མི་མང་སྤྱི་འཐུས་པདྨ་བདེ་ལེགས་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁག་བཞིའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། པུ་ཌི་ཅེ་རི་མངའ་སྡེའི་ཁུལ་གྱི་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ལོ ༢༠༡༨ ཟླ་ ༡༡ ཚེས་ ༡༡ ནས ༡༥ བར་ཉིན་གྲངས་ལྔའི་རིང་ཏ་མིལ་ནཱ་དུ་ (Tamilnadu) མངའ་སྡེའི་ནང་ཆེས་མཐོའི་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

རྒྱ་གར་དབུས་གཞུང་གི་དཔལ་འབྱོར་དང་མཚོ་ཐོག་སྐྱེལ་འདྲེན་བློན་ཆེན་སྐུ་ཞབས་པོན་ ར་རྡ་ཀི་རི་ཤི་ནན་ མཆོག

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༠ ཉིན་སྔ་དྲོ་པུ་ཌུ་ཅེ་རི་ནས་ཏ་མིལ་ནཱ་དུ་མངའ་སྡེའི་རྒྱལ་ས་ཅེན་ནའི་ (Chennai) ལ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་འབྱོར་བ་དང་། ཕྱི་ཚེས་ ༡༡ ཉིན་ཕྱི་དྲོ་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་ལྕམ་སྐུ་ཨ་ཤ་རེ་ཌི་ (Asha Reddy) ལགས་དང་། ས་གནས་བོད་རིགས་སློབ་ཕྲུག་ཁག་ཅིག དེ་བཞིན་ཅེན་ནའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་བཅས་དང་ལྷན་མཇལ་འཕྲད་ཀྱིས་ཉིན་བཞིའི་རིང་བོད་དོན་ཞུ་སྐུལ་སྤེལ་ཕྱོགས་དང་འབྲེལ་བའི་ལས་རིམ་སྐོར་གོ་བསྡུར་གནང་ཡོད་འདུག

མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བན་ཝ་རི་ལལ་ པུ་རོ་ཧིཊ་མཆོག

ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བན་ཝ་རི་ལལ་ པུ་རོ་ཧིཊ་ (Shri. Banwarilal Purohit,Honourable Governor of Tamil Nadu) མཆོག་དང་ལྷན་ཁོང་གི་ལས་ཁུངས་ (Raj Bhawan) སུ་མཇལ་འཕྲད་གནང་བ་དང་།  སྐབས་དེར་སྐུ་ཞབས་ཁོང་གིས་དེ་སྔ་ཁོང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྲིད་སྐྱོང་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་བསུ་དང་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་བ་ཙམ་མ་ཟད། བོད་དོན་དང་འབྲེལ་བའི་གནས་ཚུལ་ཆ་ཚང་རྒྱུས་མངའ་ཡོད་ལུགས་སྐོར་དང་། རྒྱ་གར་སྲིད་བློན་མོ་དི་མཆོག་གིས་དབུ་འཁྲིད་པའི་གཞུང་གིས་བོད་དོན་ཐོག་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་པ་དང་། འབྱུང་འགྱུར་ཡང་མུ་མཐུད་གནང་རྒྱུ་ཡིན་གནས་སོགས་གསུངས་གནང་འདུག

དེ་བཞིན་མཇལ་འཕྲད་སྐབས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་སྲིད་སྐྱོང་མཆོག་ལ་བོད་དོན་ཞུ་སྐུལ་དོན་ཚན་ལྔ་ཅན་གྱི་ཞུ་ཡིག་དང་ཡིག་ཆ་སོགས་ཕུལ་གནང་ཡོད་པ་དང་། བློན་ཆེན་མཆོག་གི་ལས་ཁུངས་ནས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ་སྣེ་ལེན་གཟབ་རྒྱས་དང་། མངའ་སྡེའི་ནང་ཆགས་པའི་སྙན་གྲགས་ཆེ་བའི་ཐན་ཇཱ་ཝུར་དགོན་པའི་ (Thanjavur Temple) འདྲ་གཟུགས་ཤིག་འཚམས་ཞུའི་དྲན་རྟེན་ཕྱག་རྟགས་སུ་ཕུལ་གནང་ཡོད་འདུག

མངའ་སྡེའི་གཞུང་གི་ངལ་རྩོལ་བློན་ཆེན་ལྕམ་སྐུ་འབུམ་རམས་པ་ནི་ལོ་ཧྥར་ ཀ་ཧྥིལ་མཆོག

ཕྱི་ཚེས་ ༡༣ ནས་ ༡༥ བར་རིམ་པས་མངའ་སྡེའི་གཞུང་གི་ངལ་རྩོལ་བློན་ཆེན་ལྕམ་སྐུ་འབུམ་རམས་པ་ནི་ལོ་ཧྥར་ ཀ་ཧྥིལ་ (Dr. Nelofer Kafeel, Labour Minister of Tamil Nadu) མཆོག་དང་། མེ་གྷ་ལ་ཡ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་གཙོ་བོ་ཟུར་པ་དང་།  ཏ་མིལ་ནཱ་དུ་མངའ་གཞུང་གིས་ཆེད་བཙུགས་གནང་བའི་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཊི་ མི་ནཱ་ཀུ་མ་རི་  (Justice T. Meenakumari,Chairperson of State Human Rights Commission, Tamil Nadu and Former Chief Justice of Meghalaya High Court) མཆོག མངའ་སྡེའི་འགྲོ་བ་མིའི་ལྷན་ཚོགས་ཀྱི་བདེ་སྲུང་ཐོག་མངའ་གཞུང་གི་སྐུ་ཚབ་ཚོགས་མི་སྐུ་ཞབས་སི་ ཀེ་ གན་དྷི་ར་ཇན་ (Dr. C.K.Gandhirajan, IPS, Director General of Police,State Human Rights Commission, Tamil Nadu) མཆོག

ཏ་མིལ་ནཱ་དུ་མངའ་གཞུང་གིས་ཆེད་བཙུགས་གནང་བའི་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཊི་ མི་ནཱ་ཀུ་མ་རི་མཆོག

མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སྨན་པ་ཏ་མི་ལི་སཡེ་ སཨོན་ཌ་ར་ཇན་ (Dr.Tamilisai Soundararajan, Tamil Nadu BJP President) མཆོག་དང་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཀེ་ ཨེ་སི་ ན་རེན་ད་རན་ (Mr. K.S.Narendran, BJP party’s State General Secretary) ལགས། རྒྱ་གར་གྱི་རྣལ་འབྱོར་པ་ཝི་ཝེ་ཀ་ནནྡཱ་ (Swami Vivekananda) མཆོག་གི་བརྒྱུད་འཛིན་ཧིན་དུའི་ཆོས་ཚོགས་ (Ramakrishna Math) ཞེས་པའི་ཧིན་དུའི་བླ་མ་ཝི་མུར་ཏཱ་ནན་དཱ་ (Swami Vimurtananda) མཆོག

རྒྱ་གར་དབུས་གཞུང་གི་དཔལ་འབྱོར་དང་མཚོ་ཐོག་སྐྱེལ་འདྲེན་བློན་ཆེན་སྐུ་ཞབས་པོན་ ར་རྡ་ཀི་རི་ཤི་ནན་ (Shri. Pon. Radhakrishnan, Honourable Union Minister of State for Ministry of Finance and Ministry of Shipping) མཆོག་དང་ལྷན་ས་གནས་བྷི་ཇེ་པི་དྲུང་ཆེ་སྐུ་ཞབས་ཝི་སར་ ཝི་ན་ཡ་གྷམ་ (Shri. Vesar Vinayagam,BJP Organisation General Secretary) ལགས་བཅས་དང་སོ་སོར་མཇལ་འཕྲད་གནང་སྟེ།

མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སྨན་པ་ཏ་མི་ལི་སཡེ་ སཨོན་ཌ་ར་ཇན་མཆོག

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་དོན་ཚན་ལྔ་ཅན་གཙོ་བཟུང་ཐོག་གནས་ལུགས་ཁག་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར། བོད་པའི་འཐབ་རྩོད་ཀྱི་ངོ་བོ། ༧གོང་ས་མཆོག་གི་དགོངས་གཞི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞི་རིམ་སྲིད་བྱུས་སོགས་ཀྱི་ཐོག་དཔོན་རིགས་ཁག་ལ་ཞུས་གནང་བ་ཙམ་མ་ཟད།

གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཐུས་མི་མང་ཙམ་འཛུལ་ཞུགས་ཡོང་རྒྱུར་འབོད་སྐུལ་དང་། དེ་བཞིན་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་བར་དགའ་བསུ་དང་སྦྲགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་བདེན་རྒྱབ་ཤུགས་ཆེ་ཡོང་བའི་རེ་སྐུལ་བཅས་ཞུས་གནང་འདུག

ཕྱི་ཚེས་ ༡༣ ཉིན་ཅེན་ནའི་ནང་པའི་མཐུན་ཚོགས་ (Buddhist Devotional Association of Chennai (BDAC) ཞེས་པས་སྔོན་ནས་དགོང་དྲོའི་གསོལ་སྟོན་ཐོག་གདན་ཞུས་ལྟར། སྤྱི་འཐུས་རྣམ་པ་ཆེད་ཕེབས་ཀྱིས་ནང་ཆོས་སྐོར་སྤྱི་ཡོངས་བསམ་ཚུལ་བརྗེ་ལེན་གནང་བ་དང་། སྐབས་དེར་ཁོང་རྣམས་ཀྱིས་དེ་སྔོན་༧གོང་ས་མཆོག་སྦེང་ལོར་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་ལྷོ་སྤྱི་ནས་མཐུན་འགྱུར་གནང་ཐོག་ཁོང་ཚོར་དམིགས་བསལ་མཇལ་ཁ་ཞིག་ཐོབ་འདུག་པར་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་དང་། དེ་བཞིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཐེངས་འདིར་ས་གནས་སུ་ཕེབས་སྐབས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་དང་། འབྱུང་འགྱུར་ལྷོ་སྤྱི་ལས་ཁུངས་སུ་ད་ཡོད་ལྟར་འབྲེལ་ལམ་དམ་ཟབ་གནང་གལ་འབོད་སྐུལ་ཞུས་གནང་ཡོད་པ་བཅས། །

Menu