བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཌེན་མག་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་བ།

ཌེན་མག་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ནི་ ཧལ་སི་བྷོ་ ཇོར་ཇིན་སེན་ (Ane Halsboe Jorgensen, Social Democrats, Chairman of the Foreign Affairs Committee) མཆོག

༄༅། །སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་གི་སྣེ་འཁྲིད་འོག་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ནོར་ཝེ་རྒྱལ་ཁབ་ནང་གི་གཞུང་འབྲེལ་ལས་དོན་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༧ ཉིན་ནོར་ཝེ་ནས་ཌེན་མག་རྒྱལ་ས་ཀོ་པན་ཧཱ་གན་ (Copenhagen) ལ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་བོད་རིགས་ཚོགས་པའི་དྲུང་ཆེ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌར་ས་ ཧོ་ཇ་མག ཨན་ཌར་སན་ (Anders Hojmark Andersen) ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཐོག་མགྲོན་ཁང་དུ་ཕེབས་འབྱོར་མཚམས་ལས་རིམ་ཁག་གི་ཐད་ཚོགས་འདུ་ཚོགས་གནང་ཡོད་འདུག

ཌེན་མག་ཕྱི་སྲིད་བློན་ཆེན་ཟུར་པ་དང་། ཌེན་མག་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་སྐུ་ཞབས་ཧོལ་གར་ ནིལ་སེན་མཆོག

དེ་ཡང་ཕྱི་ཚེས་ ༨ ཉིན་ཌེན་མག་ནང་གི་ལས་རིམ་དབུ་འཛུགས་ཀྱི་ཐོག་མར་སྤྱི་འཐུས་རྣམ་པས་ཌེན་མག་གྲོས་ཚོགས་སུ་ཌེན་མག་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ནི་ ཧལ་སི་བྷོ་ ཇོར་ཇིན་སེན་ (Ane Halsboe Jorgensen, Social Democrats, Chairman of the Foreign Affairs Committee ) མཆོག་དང་།  ཌེན་མག་ཕྱི་སྲིད་བློན་ཆེན་ཟུར་པ་དང་། ཌེན་མག་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་སྐུ་ཞབས་ཧོལ་གར་ ནིལ་སེན་ (Holger K.Neilsen,(Socialist people’s party),Former Minister of Foreign Affairs, Member of the Foreign Affairs Committee ) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་ཆུ་ཚོད་གཉིས་རིང་ཞུ་དོན་ཁག་གི་ཐད་གྲོས་བསྡུར་ཞིབ་ལྷུག་གནང་ཡོད་ཅིང་།

སྤྱི་འཐུས་རྣམ་པ་ཌེན་མག་གྲོས་ཚོགས་ནང་གཟིགས་བསྐོར་གནང་སྐབས།

གཞུང་འབྲེལ་ལས་བྱེད་ཆེད་མངགས་བཀོད་སྒྲིག་གིས་གྲོས་ཚོགས་ནང་གཟིགས་བསྐོར་དང་སྦྲགས། གྲོས་ཚོགས་ཀྱི་ལོ་རྒྱུས་དང་། གྲོས་ཚོགས་ནང་རྩ་ཁྲིམས་གཏན་འབེབས་བྱས་པའི་བརྒྱུད་རིམ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཆེས་མཐོའི་གནད་ཡོད་མི་སྣའི་གནས་བབ་ལྟར་ཉིན་གུང་གསོལ་ཚིགས་ཀྱང་གྲོས་ཚོགས་རང་དུ་འདེགས་འབུལ་ཞུས་གནང་འདུག

ཕྱི་ཚེས་ ༩ ཉིན་སྤྱི་འཐུས་རྣམ་པ་ཌེན་མག་རྒྱལ་ཡོངས་ཀྱི་གསར་འགྱུར་ཁང་ཆེ་ཤོས་གཉིས་པ་ (TV2) ཞེས་པའི་ལས་ཁུངས་ནང་གཟིགས་བསྐོར་གྱིས་ལས་ཁུངས་དེའི་བྱེད་སྒོ་རྣམ་གསུམ་སྤྱི་དང་། བྱེ་བྲག་གསར་འགྱུར་དང་རྩེད་རིགས་སོགས་ཀྱིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་སྟངས་སྐོར་ངོ་སྤྲོད་ཀྱིས་གཟིགས་སྐོར་ཞིབ་རྒྱས་གནང་རྗེས།

ཌེན་མག་གྲོས་ཚོགས་འཐུས་མི་ལྕམ་སྐུ་པེར་ནི་ལི་ བྷན་ཌི་སན་མཆོག་དང་། ཨོ་ཌན་སི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཊིམ་ ཝར་མུན་ཌི་ ཨེན་ཌར་སན་མཆོག

མངའ་སྡེའི་གྲོས་ཚོགས་ཚོགས་ཁང་ (Odense City Hall) དུ་དབུས་གྲོས་ཚོགས་འཐུས་མི་ལྕམ་སྐུ་པེར་ནི་ལི་ བྷན་ཌི་སན་ (Pernille Bendixen, The Danish People’s Party) མཆོག་དང་། ཨོ་ཌན་སི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཊིམ་ ཝར་མུན་ཌི་ ཨེན་ཌར་སན་  (Tim Vermund Andersen, Deputy Mayor,City of Odense) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་བ་དང་།

སྐབས་དེར་ཁོང་རྣམ་པ་གཉིས་ཆབ་སྲིད་ཚོགས་པ་མི་འདྲ་ཡང་། ༧གོང་ས་མཆོག་ལ་གུས་བརྩི་དང་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་གཟིགས་ཚུལ་གཅིག་གྱུར་ཡིན་སྟབས། ཁོང་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ་མཉམ་དུ་མཇལ་འཕྲད་ཞུ་གི་ཡོད་ཅེས་གསུངས་ཏེ། ཐོག་མར་གྲོས་ཚོགས་རྒྱལ་སྒོའི་མདུན་དུ་ཕེབས་བསུར་བཅར་ཏེ་གྲོས་ཚོགས་ཚོགས་ཁང་ཞིབ་ཏུ་ངོ་སྤྲོད་དང་། དེ་རྗེས་ཞུ་དོན་ཁག་གི་ཐད་ཚོགས་འདུ་སྐོང་འཚོགས་གནང་ཡོད་འདུག

ཕྱི་ཚེས་ ༨ དགོང་མོར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། གསར་འགོད་པ། ཤེས་ལྡན་མི་སྣ་སོགས་ཁྱོན་མི་གྲངས་ ༤༠ ལྷག་འདུ་འཛོམས་ཐོག སྤྱི་འཐུས་རྣམ་པས་བཙན་འབྱོལ་བོད་མིའི་མང་གཙོའི་བྱུང་རིམ་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་ཐོག་གསུང་བཤད་གནང་བ་མ་ཟད། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཌེན་མག་གྲོས་ཚོགས་ཚོགས་ཁང་གི་མདུན་དུ། 

ད་ལྟ་མུ་མཐུད་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཌེན་མག་རྒྱལ་ས་ཀོ་པན་ཧཱ་གན་དུ་ལས་རིམ་འགྲོ་བཞིན་ཡོད་པ་བཅས། །

Menu