བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་གཉིས་ཀྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་གིས་སྣེ་འཁྲིད་འོག་སྤྱི་འཐུས་དོན་གྲུབ་ཀྲ་ཤིས་མཆོག་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ནས་ ༡༢ བར་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་ (Scandinavian) རྒྱལ་ཁབ་ནོར་ཝེ་ (Norway) དང་། ཌེན་མག་ (Denmark) གཉིས་ཀྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ལྡི་ལི་ནས་ནོར་ཝེ་རྒྱལ་ས་ཨོ་སི་ལོ་ (Oslo) ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༥ ནས་ ༦ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༧ ཉིན་ནོར་ཝེ་ནས་ཌེན་མག་གི་རྒྱལ་ས་ཀོ་པན་ཧཱ་གན་ (Copenhagen) ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༨ ནས་ ༡༡ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༢ ཉིན་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

 

 

Menu