ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋ་ཀུར་མཆོག
༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཁུལ་དུ་ཆེས་མཐོའི་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋ་ཀུར་ (Shri.Jai Ram Thakur,Honorable Chief Minister of Himachal Pradesh) མཆོག་དང་། ཧིི་མཱ་ཅལ་མངའ་སྡེའི་སོ་ནམ་ཞིང་ལས་བློན་ཆེན་སྐུ་ཞབས་རམ་ལལ་མར་ཁན་ཌ་ (Dr Ram lal Markanda, Agriculture Minister) མཆོག ཧི་མཱ་ཅལ་མངའ་སྡེའི་འགྲིམ་འགྲུལ་དང་ཤིང་ནགས་བློན་ཆེན་སྐུ་ཞབས་གྷོ་ཝིན་ཊི་ སིང་ ཋ་ཀུར་ (Shri. Govind Singh Thakur, Minister of Transport and Forest) མཆོག
ཧི་མཱ་ཅལ་མངའ་སྡེའི་གྲོང་གསེབ་ཡར་རྒྱས་བློན་ཆེན་སྐུ་ཞབས་ཝི་རན་དྷར་ཀན་ཝར་ (Shri. Virender Kanwar, Rural development Minister) མཆོག ཧི་མཱ་ཅལ་མངའ་སྡེའི་བཟོ་གྲྭའི་བློན་ཆེན་སྐུ་ཞབས་བྷི་ཀ་རམ་སིང་ (Shri. Bikram Singh, Industries Minister) མཆོག
ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་བློན་ཆེན་སྐུ་ཞབས་ཝི་པིན་སིང་པར་མར་ (Shri.Vipin Singh Parmar, Health and Family Welfare Minister) མཆོག ཧི་མཱ་ཅལ་མངའ་སྡེའི་མི་མང་འཕྲོད་བསྟེན་དང་། ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་ཧིན་དར་སིངྒ་ཋཱ་ཀུར་མཆོག་ (Shri. Mahender Singh Thakur, Irrigation and Public Health Minister of Himachal Pradesh)
ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་འཆར་འགོད་དང་གྲོང་སྡེ་ཡར་རྒྱས་བློན་ཆེན་ལྕམ་སྐུ་སར་ཝིན་ཅའོ་ཌྰ་རི་ (Smt. Sarveen Chaudhary, Town planning and Urban Development Minister) མཆོག ཧི་མཱ་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་སྭ་རེ་ཤུ་བྷར་རྡོ་ཨ་ཆུ་ (Shri. Suresh Bhardwaj, Education Minister) མཆོག ཧི་མཱ་ཅལ་མངའ་སྡེའི་འགྲིམ་འགྲུལ་ལས་ཁུངས་ཀྱི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་པངྐ་ཇི་ལ་ལི་ཊི་ (Dr Pankaj Lalit, Former Additional Commissioner of Transport and Tibet supporter) མཆོག
ཧི་མཱ་ཅལ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཋ་ཀུར་སུག་ཝིན་དྷི་རཱ་སིང་སུ་ཀུ་ (Shri.Thakur Sukhvinder Singh Sukhu, President of HP State Congress and Congress MLA from Nadaun constituency) མཆོག་དང་། ཀོང་རེ་སི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཧར་བྷ་ཅན་སིང་བྷ་ཇི་ (Mr Harbhajan Singh Bhajji, State Congress Secretary) ལགས་བཅས་དང་མཇལ་འཕྲད་གནང་སྟེ།
ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་དོན་ཚན་ ༥ ཅན་གྱི་ཡིག་ཆ་སོགས་ངོ་སྤྲོད་དེབ་རིགས་ཁག་ཕུལ་གནང་ཡོད་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་མ་ཟད།
རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སེམས་ཁམས་རིག་པ་སོགས་བདག་གཅེས་ཇི་ལྟར་གནང་ཡོད་པ། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད།
སྐབས་དེར་གནད་ཡོད་མི་སྣ་མང་ཆེ་བས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཡི་རངས་དང་། ཧི་མཱ་ཅལ་མངའ་སྡེ་ནི་༧གོང་ས་མཆོག་གི་བཞུགས་གནས་ཡིན་པར་བརྟེན། མངའ་སྡེའི་དཔོན་རིགས་ཁག་གིས་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་སྐོར་དང་། དེ་བཞིན་བོད་མིའི་བདེན་དོན་ལ་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་ཡོད་གནས། རྒྱ་ནག་གཞུང་གི་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་ཚུལ་བཅས་གསུངས་གནང་འདུག
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་སྤྱི་འཐུས་རྣམ་པས་སིམ་ལ་གསར་འགོད་བསྟི་གནས་ཁང་ (Press club of Shimla) ནང་བོད་དོན་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ་དང་། སྐབས་དེར་གསར་ཤོག་མི་འདྲ་བ་ཁག་ ༡༨ ཀྱི་གསར་འགོད་པས་མཉམ་ཞུགས་གནང་ཡོད་འདུག་པ་དང་། དེ་བཞིན་ཁོང་རྣམས་ནས་དོ་སྣང་ཆེན་པོའི་ངང་དྲི་བ་གནང་བར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ལན་འདེབས་གསལ་བཤད་དང་། ཆབས་ཅིག་ད་ཡོད་བོད་ཀྱི་དཀའ་ཁག་དང་། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱོགས་བསྐྱོད་ཇི་ལྟར་གནང་ཕྱོགས་སོགས་ཀྱི་ཐོག་གསལ་བཤད་གནང་ཡོད་པ་བཞིན། བརྙན་འཕྲིན་དང་། ཚགས་ཤོག་མང་དག་ཅིག་གི་ནང་ཁྱབ་སྤེལ་གནང་ཐུབ་པ་བྱུང་འདུག
སིམ་ལ་སྤྱི་ཁྱབ་བསྟན་འཛིན་ནོར་བུ་ལགས་བོད་དོན་ཞུ་སྐུལ་སྐབས་སྤྱི་འཐུས་རྣམས་དང་ལྷན་བཅར་གནང་ཡོད་འདུག