བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ནཱིར་མལ་ ཀུ་མར་ སིང་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ཅིག་ནང་ཆེས་མཐོའི་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༦ ཉིན་ནས་ ༡༨ བར་ཉིན་གསུམ་རིང་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༦ ཉིན་རྒྱབ་ཇ་མུ་ཀ་ཤི་མིར་མངའ་སྡེའི་བྷི་ཇེ་པིའི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་བཅར་གནང་བ་དང་། སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུ་བློན་ཆེན་སྐུ་ཞབས་ཀིར་ཤན་ཀཱ་པུར་མཆོག (Shri Krishan Kapoor,Food, Civil Supplies & Consumer Affairs Minister of Himachal Pradesh)  འདིར་ཕེབས་ཡོད་སྟབས། ཁོང་དང་ལྷན་མཇལ་མོལ་གནང་ཡོད་པ་དང་།

དེ་ནས་ཇ་མུ་ཀ་ཤ་མིར་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་ཀ་ཝིན་དྷར་གྷུབ་ཏ་མཆོག་ (Shri Kavinder Gupta, MLA from Gandhi Nagar and Former Speaker and Deputy CM)  དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་ས་གནས་དྲུང་ཆེ་སྐུ་ཞབས་ཨཱ་ཤོག་ཀོལ་ (Shri Ashok Koul, State General Secretary  of organization) ལགས། ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ནཱིར་མལ་ ཀུ་མར་ སིང་ (Shri Nirmal  Kumar Singh, Speaker of JK, Former Deputy CM) མཆོག ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སཱཊ་དཔལ་ཤརྨ་ (Shri Sat pal Sharma ,MLA Jammu West) མཆོག རྒྱ་གར་དབུས་གཞུང་གིས་ཇ་མུ་ཀ་ཤི་མིར་གྱི་གནད་དོན་ཞི་འགྲིག་ཆེད་བཏང་གནང་བའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཌི་ནེ་ཤི་ཝར་ཤརྨ་ (Shri Dineshwar Sharma, the Central government’s special representative for Kashmir)  མཆོག ཨན་སི་སྲིད་དོན་ཚོགས་པའི་ཇ་མུ་ཁུལ་གྱི་དྲུང་ཆེ་སྐུ་ཞབས་ཤཱེགྷ་བྷག་ཤིར་ ཨེམཱ་ཧེད་ (Shri Shekh Bashir Amhed, Provincial General Secretary of Jammu, NC ) ལགས། ཚོགས་པའི་གཞོན་ནུའི་ཚོགས་གཙོ་རི་ཧཱཛ་ཡཱ་དྷ་མཆོག་ (Shri Rehaaz,President of NC Youth) ལགས། བྷི་ཇེ་པིའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་ལི་བྷ་གྷད་ (Shri Bali Baghat, MLA , Jammu west constituency) མཆོག བྷི་ཇེ་པིའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇེཤ་གྷུབ་ཏ་ (Shri Rajesh Gupta, MLA Jammu East constituency ) མཆོག

ཇ་མུ་ཀ་ཤི་མིར་ཨན་སི་སྲིད་དོན་ཚོགས་པའི་ལས་ཁུངས་ཀྱི་དྲུང་ཡིག་དང་གསར་འགོད་འགན་འཛིན་སྐུ་ཞབས་མཱ་ནི་ཤ་ ཀཱོ་ལི་ (Mr Manish Kohli, Jammu and Kashmir National Conference Office Secretary and Media Incharge) ལགས། ཇ་མུ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་གྲོང་ཁྱེར་ནང་གི་ཚོགས་གཙོ་སྐུ་ཞབས་ཝིཀ་རཱམ་མ་ལཱོ་ཏ་ར་ (Mr Vikram Malhotra, President of Jammu Urban Congress) ལགས། ཇ་མུ་ཀ་ཤི་མིར་མི་མང་དམངས་གཙོ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཝིཏ་ མཱཧ་ཇན་ (Shri Ved Mahajan, General Secretary of Jammu & Kashmir Peoples Democratic Party) ལགས། ཇ་མུ་ཀ་ཤི་མིར་མི་མང་དམངས་གཙོ་ཚོགས་པའི་དབུ་འཁྲིད་རྒན་གྲས་སྐུ་ཞབས་ཊཱ་སཱ་རྡུག་ཧུ་སཱན་ (Shri Tasaduk Hussain,  Senior leader of Peoples Democratic Party) ལགས། ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨབ་རྡོལ་གྷ་ནི་ཀོ་ལི་ (Mr Abdul Ghani Kohli, J&K  MLA) མཆོག ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇིབ་ཇ་ས་རོ་ཌིཡ་མཆོག་གི་དྲུང་ཡིག་སྐུ་ཞབས་གྷུར་མིཌ་སིང་ (Mr Gurmeed Singh, Secretary of MLA Mr Rajiv Jasrotia) ལགས།

མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། ཨན་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རཱ་ན་རཱ་ཇན་དྷར་རཱ་སིང་ (Mr Rana Rajendra Singh, MLA and President of National Conference, Jammu Province) མཆོག ཇ་མུ་ཀ་ཤི་མིར་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཟུར་པ་སྐུ་ཞབས་ཤམ་ལལ་ཤརྨ་ (Shri Sham lal Sharma, Former Minister of Health, Floriculture and Horticulture of Government of Jammu and Kashmir) མཆོག ཀོང་རེ་སི་སྲིད་དོན་ཚོགས་པའི་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་མ་དྷན་ལལ་ཤརྨ་ (Shri Madan lal Sharma, Former  Congress MP Lok Sabha) མཆོག ཇ་མུ་ཀོང་རེ་སི་སྲིད་དོན་ཚོགས་པའི་གཞོན་ནུའི་ཚོགས་གཙོ་སྐུ་ཞབས་སཱ་ཏིས་ཤརྨ་ (Mr Satish Sharma, President of Indian Youth Congress,Pooch  Jammu) ལགས། བྷི་ཇེ་པི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཀེ་ཤི་པཱ་ཐ་ནིཡཱ་ (Mr Rakesh Pathania, BJP, MLA from Nurpur Constituency of Himachal) མཆོག་བཅས་དང་མཇལ་འཕྲད་གནང་སྟེ།

ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་ཡིག་ཆ་སོགས་ངོ་སྤྲོད་དེབ་རིགས་ཁག་ཕུལ་གནང་ཡོད་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བདག་གཅེས་ཇི་ལྟར་གནང་ཡོད་པ། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་མ་ཟད། དཔོན་རིགས་རྣམས་རྡ་ས་བཞུགས་སྒར་དུ་ཕེབས་གནང་ཡོང་རྒྱུའི་རེ་སྐུལ་ཡང་ཞུས་གནང་ཡོད་འདུག

མཇལ་འཕྲད་སྐབས་གནད་ཡོད་མི་སྣ་མང་ཆེ་བས། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་རྗེས་ལ་ཡི་རངས་དང་། བོད་མིའི་བདེན་དོན་ལ་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་ཡོད་པའི་ཞལ་བཞེས་དང་། རྒྱ་ནག་གི་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་ཚུལ་བཅས་གསུངས་གནང་འདུག

དེ་བཞིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨན་སེའི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རཱ་ན་རཱ་ཇན་དྷར་རཱ་སིང་མཆོག་དང་མཇལ་འཕྲད་སྐབས་བོད་མིའི་རྒྱབ་སྐྱོར་བ་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཨོམ་མར་ཨབ་དྷོ་ལ་ (Shri Omar Abdullah) མཆོག་ལ་བོད་དོན་ཞུ་ཡིག་དང་ཕྱག་རྟགས་བཅས་བསྐུར་གནང་ཡོད་འདུག

དེ་ལྟར་ཉིན་ ༣ རིང་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་གལ་ཆེ་བ་ཁག་ ༤ དང་། མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་དང་། མངའ་སྡེ་བློན་ཆེན་ ༡།  བློན་ཆེན་ཟུར་པ་ ༡། དབུས་གྲོས་ཚོགས་འཐུས་མི་ཟུར་པ་ ༡། ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་ ༧། གཞུང་འབྲེལ་གནད་ཡོད་མི་སྣ་ ༡། གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་གནད་ཡོད་མི་སྣ་ ༩ བཅས་ཁྱོན་བསྡོམས་མི་སྣ་གལ་ཆེན་ ༢༡ ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

ཕྱི་ཚེས་ ༢༠ ནས་བཟུང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།