བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ར་ཇི་སི་ཐན་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་རའོ་རཱ་ཇིན་དྷར་སིང་མཆོག་

༄༅། །བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ཟླ་ ༩ ཚེས་ ༢༨ ནས་འགོ་བཙུགས་ཏེ་རྒྱ་གར་མངའ་སྡེ་མཧཱ་ར་ཤི་ཀྲ། (Maharashtra) དང་། གྷོ་ཝ། (Goa) གུ་ཇུ་རཏ། (Gujurat) བཅས་ཀྱི་ནང་སྤྱི་ཁྱབ་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་ནས་ར་ཇི་སི་ཐན་ (Rajasthan) མངའ་སྡེའི་རྒྱལ་ས་ཇེ་སྤུར་ (Jaipur) ནང་ཆེས་མཐོའི་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ར་ཇི་སི་ཐན་མངའ་སྡེའི་རྒྱལ་ས་ཇེ་སྤུར་གནམ་ཐང་དུ་ཕེབས་འབྱོར་སྐབས། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སཱོ་རབ་སཱ་རཱ་ས་ཝཏ་ (Saurabh Saraswat, President of Bharat-Tibbat Sahyog Manch) ལགས་དང་། ཚོགས་མི་ཁག་ཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་མ་ཟད། ཁོང་རྣམ་པས་མངའ་སྡེའི་དཔོན་རིགས་ཁག་མཇལ་རྒྱུར་འབྲེལ་མཐུད་ཀྱི་མཐུན་འགྱུར་གང་ལེགས་གནང་ཡོད་འདུག

ཉེ་ཆར་ར་ཇི་སི་ཐན་མངའ་སྡེའི་འོས་བསྡུའི་དུས་ཚོད་གསལ་བསྒྲགས་བྱས་པའི་རྐྱེན་གྱིས་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་མངའ་སྡེའི་དཔོན་རིགས་མང་དག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཕྱིར་འཐེན་བྱེད་དགོས་བྱུང་ཡང་། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་རའོ་རཱ་ཇིན་དྷར་སིང་ (Honorable Shri. Rao Rajendra Singh, Deputy Speaker of Rajasthan Vidhan Sabha) མཆོག་དང་མཇལ་འཕྲད་ཀྱིས་བོད་དང་རྒྱ་གར་གཉིས་ཀྱི་གནད་དོན་ཐོག་གྲོས་བསྡུར་དང་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག

དེ་ནས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་བྷི་ཇེ་པིའི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཚོགས་པའི་ཚོགས་གཙོ་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མ་དྷན་ལལ་སཡེ་ནི་ (Shr.Madan Lal Saini, President of BJP Pradesh Committee and member of Rajya Sabha) མཆོག་དང་མཇལ་འཕྲད་དང་། དེ་བཞིན་མངའ་སྡེའི་བློན་ཆེན་སྐུ་ཞབས་ཨ་རུན་ ཅཱ་ཏུར་ཝི་ཌི་ (Shri Arun Chaturvedi, Minister for Social Justice and Minority Affairs) མཆོག ཇེ་སྤུར་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཨ་ཤོག་ ལ་ཧོ་ཌི་ (Dr. Ashok Lahoty, Mayor of Jaipur) མཆོག ཇེ་སྤུར་ས་གནས་ཀྱི་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱམ་ཅཱ་རན་བྷོ་རཱ་ (Shri Ram Charan Bohra, Member of Parliament, Lok Sabha from Jaipur) མཆོག ཀོ་ཏ་ས་གནས་ཀྱི་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨོམ་བྷིར་ལ་ (Shri Om Birla, Member of Parliament, Lok Sabha from Kota) མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

དེ་རྗེས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ར་ཇི་སི་ཐན་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་གནང་སྟེ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་མམ་ཏཛ་ མ་སི་ (Mr. Mumtaz Masih, Vice President) ལགས་དང་། ཨ་ཇི་མིར་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་གྷུ་ཤརྨ་ (Dr Raghu Sharma, Member of Parliament, Lok Sabha from Ajmer) མཆོག དེ་བཞིན་ཀོང་རེ་སི་སྲིད་དོན་ཚོགས་པའི་ས་གནས་ཀྱི་ལས་བྱེད་མང་དག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

སྲིད་དོན་ཚོགས་པ་ཁག་གི་མི་སྣ་ཁག་དང་། གཞན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ར་ཇི་སི་ཐན་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སློབ་དཔོན་སྐུ་ཞབས་ཨཱར་ཀེ་ཀོ་ཐཱ་རི་ (Prof R.K Kothari, Vice Chancellor,University of Rajasthan) ལགས་དང་། ར་ཇི་སི་ཐན་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་ལྟེ་གནས་ཁང་གི་འགན་འཛིན་སློབ་དཔོན་ཝི་ཇེ་ཝི་སིང་ (Prof Vijay V. Singh, Dean, Center for Social Sciences, University of Rajasthan) ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་མི་མང་གཏམ་གཤད་ཀྱི་ཚོགས་འདུ་གཉིས་ཚོགས་གནང་ཡོད་པ་དང་། ཚོགས་འདུ་དང་པོ་དེ་བཞིན་ར་ཇི་སི་ཐན་སཱ་མཇ་ཝ་དྷི་ཇན་པརི་ཤཏ་ (Samajwadi Jan Parishad Rajasthan) ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མི་མང་གཏམ་བཤད་ཀྱི་བརྗོད་གཞི་ནི་བོད་དང་རྒྱ་གར། ཕན་ཚུན་ཡིད་ཆེས་ལྡན་པའི་འབྲེལ་བ། (Tibet and India: A Relationship of Mutual Trust) ཡིན་པ་དང་། དེའི་སྐབས་མི་གྲངས་ ༥༠ ལྷག་ཕེབས་གནང་ཡོད་པ་དང་། མི་མང་གཏམ་བཤད་ཀྱི་ལས་རིམ་གཉིས་པ་དེ་འཕགས་བོད་འབྲེལ་མཐུད་ཚོགས་པས་གོ་སྒྲིག་ཞུས་པ་དང་། དེའི་སྐབས་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་འདུག

གཏམ་བཤད་ལས་རིམ་གཉིས་ཀྱི་ཐོག་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ནི་གཏམ་བཤད་གནང་ཡོད་པ་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་གིས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གི་གཏམ་བཤད་སྐད་བསྒྱུར་གནང་ཡོད་འདུག

གོང་གསལ་ཚོགས་འདུ་གཉིས་ཀར་ས་གནས་སྨན་རྩིས་ཁང་གི་སྨན་པ་བརྩོན་འགྲུས་སྒྲོལ་མ་ལགས་ཀྱིས་གཙོས་ལས་བྱེད་རྣམ་པ་དང་། དེ་བཞིན་ས་གནས་བོད་མིའི་སུད་ཚོང་ཚོགས་པའི་རྒྱུན་ལས་རྣམས་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

Menu