བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཅན་རྡི་གྷར་ཁུལ་དུ་བོད་དོན་ཞུ་སྐུལ་གནང་འགོ་བཙུགས་པ།

༄༅། །བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ཅིག་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། སྡེ་ར་ལྡུན་ཁུལ་གྱི་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༧ ཉིན་རྒྱ་གར་བྱང་ཕྱོགས་མངའ་སྡེ་པན་ཇབ་དང་ཧ་རྱ་ན་གཉིས་ཀྱི་རྒྱལ་ས་ཅན་རྡི་སྒར་ལ་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད ༨།༡༥ ཐོག་རྒྱ་གར་གསར་ཤོག་ (Indian Express) གི་གསར་འགོད་པ་སྐུ་ཞབས་ཝི་རན་དྷར་བྷ་ཌའི་ཡ་ (Mr Virender Bhadiya, Indian Express editor) ལགས་དང་མཇལ་འཕྲད་ཀྱིས་གསར་འགོད་སྤེལ་ཕྱོགས་སྐོར་ལ་གྲོས་བསྡུར་གནང་ཡོད་པ་དང་། དེ་ནས་ཅན་རྡི་གྷར་མངའ་སྡེའི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པེ་རེམ་ཅན་ཌི་ (Shri Prem Chand, RSS Chandigarh President) ལགས་དང་། མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སན་ཇེ་ཊན་ཌོན་ (Shri Sanjay Tandon, BJP President) ལགས།               བྷི་ཇེ་པི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། བུད་མེད་བདེ་དོན་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་ལ་ཏི་ཀ་ཤརྨ་ (Mrs Latika Sharma, MLA and Vice President of Women Cell) མཆོག མངའ་སྡེའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇེན་དྷར་ ཤར་མ་ (Mr Rajendra Sharma, President of all Indian Bharat Tibbat Sahyog Manch and Former President of Chandigarh Indo Tibetan Friendship) ལགས་དང་། དེ་བཞིན་ཕྱག་རོགས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨ་ཤི་ཝ་ནི་ པ་རྰ་ཤར་ (Ashwani Prashar, Vice President of Chandigarh Indo Tibetan Friendship) ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་།

ཕྱི་ཚེས་ ༩ ཉིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཌན་ལྰལ་ཀ་ཊ་རའི་ཡ་ (Shri Rattan Lal Kataria, Member of the lok Sabha) མཆོག་དང་། ཁོང་གི་སྐུ་བཟླའ་བྷི་ཇེ་པི་ཧརྱ་ནའི་ས་གནས་ཚོགས་གཞོན་ལྕམ་སྐུ་བྷན་ཌོའི་ཀ་ཊྲོའི་རིཡ་ (Smt Bhanto Kataria,Vice president of BJP Haryana) ལགས། ས་གནས་ཧརྱ་ན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷན་ཅན་ཌི་ཀུབ་ཏ་  (Shri Gian Chand Gupta, MLA Haryana) མཆོག

ཅན་རྡི་སྒར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པར་དྷེབ་ཅཱབ་རཱ་ (Shri Pardeep Chhabra, President of Chandigarh Congress) མཆོག་དང་། དྲུང་ཆེ་ཝི་ནོ་ཐུ་ར་ནཱ (Vinod Rana, Chandigarh Congress Secretary) ལགས་དང་། ཀ་རན་ཝིར་སིང་ར་ནཱ་ (Karan Vir Singh Rana, Chandigarh Congress Secretary) ལགས་སོགས་ཅན་རྡི་སྒར་དང་། ཧརྱ་ན་མངའ་སྡེའི་དཔོན་རིགས་དང་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ནས་འདི་ལོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་བྱེད་ཕྱོགས་སྐོར་སྙན་སེང་ཞུས་གནང་ཡོད་པ་དང་། དེ་བཞིན་འཕགས་བོད་གཉིས་ནི་ལོ་རྒྱུས་ཐོག་ཕན་ཚུན་འཕགས་པའི་ཞིང་ས་ལྟ་བུར་བཟུང་ནས་ཕྱག་སྐོར་སྨོན་ལམ་འདེབས་ཆེད་གནས་སྐོར་འགྲོ་སྲོལ་ཡོད་པ་བཞིན་ད་དུང་ཡང་མུ་མཐུད་རྒྱུན་གནས་ཡོང་ཐབས་སུ་ན་གཞོན་རྣམས་ལ་གོ་རྟོགས་སྤེལ་དགོས་ཚུལ་དང་། དགེ་རྒན་དང་དགེ་ཕྲུག་གི་དུངས་བ་ནམ་ཡང་བརླག་མི་རུང་ཚུལ།

དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་ཁག་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དགོས་པ་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱིས་བོད་པའི་སྐད་ཡིག་དང་། རིག་གཞུང་ཆོས་དང་བཅས་པར་རྩ་མེད་ཤུལ་རྫོགས་ཀྱི་ལས་འགུལ་ལ་བོད་མི་རྣམས་ཀྱི་་རྡོག་རྩ་གཅིག་སྒྲིལ་གྱིས་ངོ་རྒོལ་ཆེད་བོད་མི་སྐྱ་སེར་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར་དང་། དེ་བཞིན་བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས་ཡོང་བ། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བདག་གཅེས་ཇི་ལྟར་གནང་ཡོད་སྐོར་དང་། རྒྱ་གར་དབུས་སའི་གཞུང་མང་གཉིས་ནི་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་དོན་ཚན་ ༥ ཅན་གྱི་ཡིག་ཆ་སོགས་ཕུལ་གནང་ཡོད་པ་དང་། དེ་བཞིན་འབྲེལ་ཡོད་དཔོན་རིགས་རྣམས་རྡ་ས་བཞུགས་སྒར་དུ་ཕེབས་གནང་ཡོང་རྒྱུའི་མགྲོན་འབོད་ཀྱང་ཞུས་གནང་འདུག

ཉིན་གུང་ཆུ་ཚོད་ ༡༢ ཐོག་ཅན་རྡི་སྒར་གསར་འགོད་འབྲེལ་མཐུད་ཁང་དུ་བོད་དོན་ཞུ་སྐུལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། དེའི་སྐབས་གསར་ཤོག་ཁག་མི་འདྲ་བའི་གསར་འགོད་པ་ ༡༣ ཙམ་ལ་བོད་དོན་ཁྱབ་སྤེལ་གང་ལེགས་གནང་ཐོག་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །

Menu