བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

༄༅། །འབྲས་ལྗོངས་ཁུལ་གྱི་ཆེས་མཐོའི་དཔོན་རིགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དུ་ཕེབས་པའི་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་མུ་མཐུད་ཕྱི་ཚེས་ ༥ ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀི་དར་ ན་ད་ རཡེ་ (Kedar Nath Rai,Speaker of Sikkim Legislative Assembly) མཆོག་དང་། ཚོགས་གཞོན་སྐུ་ཞབས་བསོད་ནམས་རྒྱ་མཚོ་ (Sonam Gyatso Lepcha,Deputy Speaker of Sikkim Legislative Assembly) མཆོག་རྣམ་གཉིས་དང་།

ཡུལ་སྐོར་སྤྲོ་འཆམ་དང་མཁའ་འགྲུལ་བློན་ཆེན་སྐུ་ཞབས་ཨུ་རྒྱན་རྒྱ་མཚོ་ (Ugen T. Gyatso,Minister of Tourism and Civil Aviation) མཆོག  གྲོང་རྡལ་དང་གྲོང་ཁྱེར་འཛུགས་བསྐྲུན་བློན་ཆེན་སྐུ་ཞབས་ན་རིན་ད་ར་ ཀུ་མར་ སུ་བྰ་ (Narendra Kumar Subba, Minister  of Housing and Urban Development) མཆོག

མངའ་སྡེ་གཞུང་གི་དྲུང་ཆེ་གཙོ་བོ་སྐུ་ཞབས་ར་ཨསེ་བྷ་ས་ནེ་ཌི་ (R.S.Basnet,Principal Secretary) ལགས་དང་སྤྱི་ཁྱབ་དྲུང་ཆེ་ཨ་ལོག་ཀུ་མར་ (Alok Kumar Srivasatav,Chief Secretary) ལགས།  དེ་བཞིན་གཞུང་ཞབས་འདེམས་ལྷན་དྲུང་ཆེ་ཚེ་མཆོག་གླིང་རིན་པོ་ཆེ་མཆོག་སོགས་མཇལ་འཕྲད་ཀྱིས་མ་འོངས་བོད་ཀྱི་གནད་དོན་དང་། ས་གནས་བོད་མིའི་ལས་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་སྐོར་གྲོས་བསྡུར་ཞིབ་ལྷུག་གནང་ཡོད་འདུག

དེ་བཞིན་འབྲེལ་ཡོད་དཔོན་རིགས་ཡོངས་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱག་བསྟར་གནང་གཏན་ཁེལ་བའི་བརྒྱུད་རིམ་སོགས་གསུངས་ཡོད་པ་མ་ཟད། བོད་མིའི་འཐབ་རྩོད་ཐོག་རང་དང་གཅིག་མཚུངས་ཀྱི་གཟིགས་ཚུལ་ལས་དགོངས་ཚུལ་གཉིས་པ་ཞིག་མེད་སྟབས་མུ་མཐུད་བོད་མི་ཚོར་རང་སྐྱོང་ཐོབ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་བསྐྱར་ནན་གནང་ཡོད་འདུག

ཐེངས་འདིའི་འབྲས་ལྗོངས་ཁུལ་གྱི་ཚོགས་ཆུང་གི་ལས་དོན་རེ་ཞིག་མཇུག་གྲུབ་སྟེ་སྐུ་ཚབ་ཚོགས་ཆུང་དེ་རིང་ཚེས་ ༡༠ ཉིན་རྒྱབ་སྦག་ཌོ་ར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་གི་ཡོད་པ་བཅས།

 

Menu