བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨུ་ཏར་ཁན་ཌི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་མཇུག་བསྒྲིལ་བ།

༄༅། །བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེའི་རྒྱལ་ས་སྡེ་ར་ལྡུན་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་དོན་གང་ལེགས་ངང་མཇུག་བསྒྲིལ་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ས་སྐྱའི་ཆོས་ཚོགས་སུ་རྒྱ་གར་དབུས་ནང་སྲིད་དྲུང་ཆེ་དང་འབྲས་ལྗོངས་སྲིད་སྐྱོང་ཟུར་པ་སྐུ་ཞབས་བི་པི་སིང་ (Shri B.P.Singh, Former Governor of Sikkim and Former Home Secretary of govt.of India, Former Cultural Secretary of Govt. of India, Executive Director of world bank) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་རྗེས་མངའ་སྡེའི་བུད་མེད་དང་བྱིས་པའི་བདེ་དོན་བློན་ཆེན་ལྕམ་སྐུ་རེ་ཁ་ཨརྱ་ (Mrs Rekha Arya, Minister of Women and child Welfare) མཆོག་དང་། མངའ་སྡེའི་ཤེས་རིག་དང་རྩེད་འགྲན་བློན་ཆེན་སྐུ་ཞབས་ཨེ་བེན་པཎ་ཌེ་ (Shri Arvind Pandey, Minister of Education and Sports) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཡ་ཏི་ས་ཝར་ནན་དྷ་ (Shri Yatiswarnanda, MLA, Haridwar) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷོ་པལ་སིང་རཱ་ཝ་དི་ (Shri Gopal Singh Rawat, MLA, Gangotri) མཆོག་བཅས་དང་མཇལ་འཕྲད་གནང་སྟེ།

བོད་མིའི་སྒྲིག་འཛུགས་ནས་འདི་ལོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་དང་། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བདག་གཅེས་ཇི་ལྟར་གནང་ཡོད་པ། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་དོན་ཚན་ ༥ ཅན་སོགས་ཕུལ་གནང་ཡོད་པ་དང་། དེ་བཞིན་དཔོན་རིགས་རྣམས་རྡ་ས་བཞུགས་སྒར་དུ་ཕེབས་གནང་ཡོང་རྒྱུའི་རེ་སྐུལ་ཡང་ཞུས་གནང་འདུག

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་འདས་པའི་ཉིན་དྲུག་གི་ནང་ཨུ་ཏར་ཁན་ཌི་མངའ་སྡེའི་རྒྱལ་ས་སྡེ་ར་ལྡུན་ཁུལ་དུ་གསར་འགོད་ལྷན་ཚོགས་ཤིག་དང་།  མངའ་སྡེའི་སྲིད་སྐྱོང་མཆོག་གིས་གཙོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། དེ་བཞིན་མངའ་སྡེའི་བློན་ཆེན་ ༧། ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་གྲངས་ ༡༠། གཞུང་འབྲེལ་གནད་ཡོད་མི་སྣ་ ༦། གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་ ༦ བཅས་ཁྱོན་བསྡོམས་མི་སྣ་གལ་ཆེན་ ༣༡ ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་སྟེ། ཨུ་ཏར་ཁན་ཌི་མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་རེ་ཞིག་མཇུག་སྒྲིལ་གནང་ཡོད། མངའ་སྡེའི་དཔོན་རིགས་མཇལ་འཕྲད་སྐབས་སྡེ་ར་ལྡུན་ས་གནས་འགོ་འཛིན་སྐལ་ལྡན་ནོར་བུ་ལགས་དང་། ལས་དྲུང་ཡེ་ཤེས་ལགས་རྣམ་གཉིས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལྷན་དུ་བཅར་གནང་ཡོད་འདུག

ཕྱི་ཚེས་ ༧ ནས་སྤྱི་འཐུས་རྣམ་པ་བཞི་པན་ཇབ་དང་ཧརྱ་ན་ (Punjab & Haryana) མངའ་སྡེའི་རྒྱལ་ས་ཅན་རྡི་གྷར་གྱི་ནང་ཕེབས་ནས་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། དབུས་ས་གཉིས་ཀྱི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་བོད་དོན་ཆེད་ཞུ་སྐུལ་གནང་རྒྱུ་ཡིན་པ་བཅས། །