བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨུ་ཏར་ཁན་ཌི་མངའ་སྡེའི་བློན་ཆེན་ལྔ་དང་མཇལ་འཕྲད་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་སྡེ་ར་ལྡུན་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེའི་བློན་ཆེན་ལྔ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བྷི་ཇེ་པིའི་མངའ་སྡེའི་དྲུང་ཆེ་ན་རེ་ཤི་བྷན་སལ་ (Naresh  Bhansel, BJP state Secretary) མཆོག་དང་སླར་ཡང་མཇལ་འཕྲད་དང་། དེ་རྗེས་བྷི་ཇེ་པིའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་སྰ་ཅེན་གུབ་ཌ་ (Sachin Gupta, BJP youth Vice President) མཆོག སྡེ་ར་ལྡུན་སྐྱབས་བཅོལ་ལག་དེབ་ལས་ཁུངས་ཀྱི་གཙོ་འཛིན་བྷན་བནཌི་སིང་ར་ཧོ་ཌི (Mr Balwant Singh Rawat, L.I.U) མཆོག རྒྱ་གར་རྒྱལ་ཡོངས་བྷི་ཇེ་པིའི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མེའི་ཇ་མཆོག

དེ་བཞིན་མངའ་སྡེའི་ཤིང་ནགས་བློན་ཆེན་སྐུ་ཞབས་ཧར་ར་ཌི་སིང་ (Dr. Harak Singh Rawat, Forest  Minister) མཆོག་དང་། མངའ་སྡེའི་ཟ་འབྲུ་བློན་ཆེན་སྐུ་ཞབས་སུ་བྷ་ཐུ་ཨོ་ནེའི་ཡེལ་ (Subodh Uniyal, Food and supply Minister) མཆོག མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ཡེ་ཤུ་པལ་ཨརྱ་ (Shri Yashpal Arya, Transport Minister) མཆོག དི་ཝ་པིར་ཡ་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ནོ་ཌི་ཁན་དྷ་རེའི་ (Vinod Khandari,Devapriya MLA) མཆོག

རཡ་པུར་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨོ་མེ་ཤ་ ཤར་མ་ (Umesh Sharma,Raipur MLA) མཆོག མངའ་སྡེའི་གྲོང་སྡེ་ཡར་རྒྱས་བློན་ཆེན་སྐུ་ཞབས་མ་ཌན་ཀོའུ་ཤིག་ (Madan Kaushik, Minister of Urban Development) མཆོག མངའ་སྡེའི་དཔལ་འབྱོར་བློན་ཆེན་སྐུ་ཞབས་ར་ཁ་ཤི་པཎ་ཌི་  (Prakash Pant, Finance Minister) མཆོག་བཅས་དང་མཇལ་འཕྲད་གནང་སྟེ།

བོད་མིའི་སྒྲིག་འཛུགས་ནས་འདི་ལོ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། བོོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་དོན་ཚན་ ༥ ཅན་སོགས་ངོ་སྤྲོད་དེབ་རིགས་ཁག་ཕུལ་གནང་ཡོད།  ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་དང་།

དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་ཐབས། རྒྱ་ནག་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པ། བོད་ཀྱི་གནད་དོན་རྒྱ་གར་གཙོས་དཀྱིལ་ཤར་ཨི་ཤེ་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་གང་མང་འཇོག་ཐབས་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་སེམས་ཁམས་རིག་པ་སོགས་བོད་མི་ཚོས་བདག་གཅེས་ཇི་ལྟར་གནང་ཡོད་སྐོར། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་མ་ཟད།  བློན་ཆེན་རྣམས་རྡ་ས་བཞུགས་སྒར་དུ་མགྲོན་འབོད་ཡང་གནང་ཡོད་འདུག

དེ་བཞིན་མཇལ་འཕྲད་སྐབས་སྡེ་ར་ལྡུན་ས་གནས་འགོ་འཛིན་སྐལ་ལྡན་ནོར་བུ་ལགས་དང་། ལས་དྲུང་ཡེ་ཤེས་ལགས་རྣམ་གཉིས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལྷན་དུ་བཅར་གནང་ཡོད་འདུག་པ་བཅས། །