མཧྰ་ར་ཤི་ཀྲ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡི་ཝིན་ད་ར་ཧྤ་ད་ན་ཝི་ས་མཆོག
༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་བཅས་ཀྱིས་རྒྱ་གར་མངའ་སྡེ་མཧྰ་ར་ཤི་ཀྲའི་ (Maharashtra) རྒྱལ་ས་མུམ་སྦེ་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་མཧྰ་ར་ཤི་ཀྲ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡི་ཝིན་ད་ར་ཧྤ་ད་ན་ཝི་ས་ (Shri Devendra Fadnavis,Chief Minister of Maharastra) མཆོག་དང་མཇལ་འཕྲད་གནང་ཡོད།
དེའི་སྐབས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྤྱི་ཁྱབ་བློན་ཆེན་མཆོག་མ་འོངས་པར་བཞུགས་སྒར་རྡ་སར་ཕེབས་གནང་མཛད་རྒྱུའི་རེ་བསྐུལ་ཞུས་པ་བཞིན་ཁོང་ནས་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་དང་། ཆབས་ཅིག་སྐུ་ཞབས་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཤིག་ཕུལ་གནང་ཡོད།
དེ་བཞིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་མཧྰ་ར་ཤི་ཀྲ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་ཚབ་ཞུས་ཏེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་རྒྱ་གར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཆོས་ཀྱི་འཁོར་ལོ་ (Thank you India Dharma Chakra) ཞིག་ཀྱང་ཕུལ་གནང་བ་མ་ཟད། གཞིས་ཆགས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་དང་། རྒྱ་གར་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ (Tibetan Rehabilitation Policy 2014) ལག་བསྟར་གནང་སྐྱོང་ཡོང་བའི་རེ་བསྐུལ་ཡང་ཞུས་གནང་ཡོད། སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་མངའ་སྡེའི་ཁྲལ་བབ་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་གནང་སྐྱོང་ཡོང་བའི་སྙན་ཞུ་ཕུལ་བ་ཁག་ལ་ལག་ལེན་བསྟར་དགོས་པའི་དྲན་བསྐུལ་གནང་ཡོད་འདུག་པ་དང་། སྤྱི་ཁྱབ་བློན་ཆེན་མཆོག་མཇལ་འཕྲད་སྐབས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་། སྦན་ད་ར་ནོར་རྒྱས་གླིང་གི་ས་གནས་འགོ་འཛིན་མགོན་པོ་ལགས་རྣམ་གཉིས་ལྷན་བཅར་ཞུས་གནང་ཡོད་འདུག
མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རམ་ར་ཇི་ནེ་ཡེག་ནིམ་བྷལ་ཀར་མཆོག
དེ་རྗེས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རམ་ར་ཇི་ནེ་ཡེག་ནིམ་བྷལ་ཀར་ (Honourable Ramraje Naik-Nimbalkar, Chairman/Speaker of Maharashtra Legislative Council) མཆོག་གི་ལས་ཁུངས་ནང་སྤྱི་འཐུས་རྣམ་པར་སྣེ་ལེན་མཇལ་འཕྲད་གནང་ཐོག སྐུ་ཚབ་ཚོགས་ཆུང་ནས་ཁོང་ལ་བོད་ཀྱི་གནད་དོན་སྐོར་ངོ་སྤྲོད་དང་སྦྲགས། ཕྱག་རྟགས་ཕུལ་གནང་རྗེས། སྐུ་ཞབས་ཁོང་ནས་ཀྱང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ་ཕྱག་རྟགས་ཕུལ་གནང་ཡོད་པ་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་བརྒྱུད་ནས་མངའ་སྡེའི་ཁྲལ་བབ་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་འཕར་སྐུ་ཞབས་མ་ནུ་ཀུ་མར་ཤི་རི་ཝ་ས་ཏ་ཝ་ (Mr. Manu Kumar Srivastava, Additional Chief Secretary, Revenue Department) མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ཚབ་ཞུས་ཏེ་གོང་བཞིན་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ལག་བསྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
གཞན་ཡང་མངའ་སྡེའི་བློན་ཆེན་སྐུ་ཞབས་ར་ཇ་ཀུ་མར་བ་དོ་ལི་ (Shri Rajkumar Badole, Minister for Social Justice, Maharashtra State) མཆོག་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་རམ་ད་ས་ཨ་ཐ་ཝ་ལེ་ (Shri Ramdas Athawale, Minister of State for Social Justice and Empowerment, Government of India) མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་པར་ཀ་ཤེ་ཨེམ་བྷེ་དེ་ཀར་ (Mr. Prakash Ambedkar, Former MP Lok Sabha and President Buddhist Society of India) མཆོག ནང་པའི་ཆོས་ཚོགས་ (Buddhist Society of India) ཀྱི་ཚོགས་གཙོ་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དེ་ཀར་ (Mr. Bhimrao Ambedkar, Working President, Buddhist Society of India) མཆོག དེ་བཞིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ཤེ་ཤ་ཤི་ལར་ (Mr.Ashish Shelar, BJP MLA) མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག་པ་བཅས། །