བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་“བོད་ཀྱི་གནད་དོན་གནད་འགག་ཇི་ཆགས།”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།

༄༅། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣༠ ཉིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་བཅས་ཀྱིས་རྒྱ་གར་མངའ་སྡེ་མཧྰ་ར་ཤི་ཀྲའི་ (Maharashtra) རྒྱལ་ས་མུམ་སྦེ་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད།

དེ་ཡང་ཕྱི་ཚེས་ ༣༠ ཉིན་མུམ་སྦེ་ནང་རྟེན་གཞི་བྱས་པའི་ (National and Asian Resource Centre for Inclusion, ADAPT Mumbai, Bandra Reclamation) ཡི་ཚོགས་ཁང་ནང་དུ་ “བོད་ཀྱི་གནད་དོན་གནད་འགག་ཇི་ཆགས། (Why Tibet Matters)” ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུའི་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག

གཏམ་བཤད་ལས་རིམ་གྱི་ཐོག་མར་ (CTA: Leading Tibet Home) ཞེས་པའི་དུས་ཐུང་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་གནང་ཡོད་པ་དང་། དེ་རྗེས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་ནང་ཆོས་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་། (Buddhism: An ancient Indian heritage) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་གིས་ཨིན་སྐད་ཐོག་སྐད་བསྒྱུར་གནང་འདུག

དེ་བཞིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བོད་ཀྱི་ཁོར་ཡུག་ཉམས་ཉེས་ཀྱིས་རྒྱ་གར་ལ་ཤུགས་རྐྱེན་ཐེབས་ཚུལ། (The impact of Tibetan environment degradation on India ) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས།  ཚོགས་བཅར་བ་རྣམས་དང་ལྷན་བགྲོ་གླེང་གནང་ཡོད་པ་དང་། དེ་ནས་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ལས་རིམ་མཇུག་བསྒྲིལ་གནང་ཡོད་འདུག

 

 

 

 

 

Menu