བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པ་ཕུལ་གནང་བར།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་དང་། དེ་བཞིན་འཕྲོས་དོན་དྲི་བ་ལའང་ལན་འདེབས་གསལ་བཤད་གནང་ཡོད།

དེ་ནས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོ་དང་། གཉིས་པའི་ལས་རིམ་ཐོག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན། ཉེར་གཅིག་པའི་ནང་གསེས་ ༡༢ གསར་འཇུག་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱབ་སྐྱོར་གནང་བ་དང་། བཟོ་བཅོས་ཁྲིམས་འཆར་དེ་ཚུད་རྗེས། བརྗོད་པ་གཉིས་པའི་ཐོག་ནས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་དང་། དེ་རྗེས་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་སྟབས། བཟོ་བཅོས་ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་མེད།  གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ (༣༥) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་ ༡༡ གསར་འཇུག་དེར་བརྗོད་པ་གཉིས་པའི་ལས་རིམ་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།

ཕྱོགས་མཚུངས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༡༠ གསར་འཇུག་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་བཏོན་གནང་བ་དང་། དེར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱབ་སྐྱོར་གནང་ཡོད། བཟོ་བཅོས་ཁྲིམས་འཆར་དེ་ཚུད་རྗེས། བརྗོད་པ་གཉིས་པའི་ཐོག་ནས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་དང་། དེ་ནས་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་སྟབས། བཟོ་བཅོས་ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་མེད། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ (༣༥) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༩ གསར་འཇུག་དེར་བརྗོད་པ་གཉིས་པའི་ལས་རིམ་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་།

དེ་རྗེས་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་དོན་གསུམ་པའི་ནང་གསེས་ ༢ པའི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་། བཟོ་བཅོས་ཁྲིམས་འཆར་དེ་ཉིད་ཚུད་མེད། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ (༣༥) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དོན་གསུམ་པའི་ནང་གསེས་ ༢ པར་བརྗོད་པ་གཉིས་པའི་ལས་རིམ་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་དང་།

སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་རེ་གསུམ་པའི་ནང་གསེས་ཁག་ཅིག་དང་། དོན་ཚན་དོན་བདུན་པའི་ནང་གསེས་ཁག་ཅིག དོན་ཚན་དོན་བརྒྱད་པའི་ནང་གསེས་ ༡ (ག) བཅས་ཀྱི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་བ་དང་།  དེ་ནས་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ལས་རིམ་ཐོག་ནས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་ (༣༧) བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་དེ་དག་ལ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།

དེ་ནས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཡིག་ཆ་ཨང་། (༢༥) པའི་དོན་ཚན་རེ་རེར་བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་སྦྲགས། སྤྱི་མོས་སམ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་ཐོག་ནས་གཏན་འབེབས་གནང་ཡོད་པ་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་གཉིས་ཀྱི་ཐོག་བཟོ་བཅོས་ཁྲིམས་འཆར་བསྣམ་རྒྱུ་གནང་ཡོད།

དེ་རྗེས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ལས་རིམ་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་ནས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ བར་གྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་འགོ་བཙུགས་ཡོད།

དེ་རིང་ཉིན་རྒྱབ་རྒྱ་གར་ཡུ་པི་མངའ་སྡེའི་རྒྱལ་ས་ལག་ནའོ་ཡི་གསར་འགྱུར་བརྒྱུད་ལམ་ཁག་བཞིའི་གསར་འགོད་པ་བཞི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ད་ལྟའི་གནས་བབ། ད་ལྟ་འགྲོ་བཞིན་པའི་གྲོས་ཚོགས་ཀྱི་ལས་རིམ་སོགས་ཀྱི་ཐོག་འགྲེལ་བརྗོད་སྙིང་བསྡུས་གནང་རྗེས། ཁོང་རྣམས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་འཚམས་འདྲི་ཞུས་གནང་ཡོད་པ་བཅས། །

 

Menu