༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བདུན་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཐོག་མར་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོ་དང་། གཉིས་པའི་ལས་རིམ་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན། བཅུ་གཅིག་པ་དང་། དོན་ཚན་ཉེར་གཅིག་པའི་ནང་གསེས་ ༩ དང་ ༡༠། ༡༡། དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ དང་ ༩། དོན་ཚན་དོན་གསུམ་པའི་ནང་གསེས་ ༢ དང་། དོན་ཚན་དོན་དགུ་པའི་ནང་གསེས་ ༣ བཅས་ཀྱི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར།
སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་བཞིན་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ལས་རིམ་ཐོག་ནས་དོན་ཚན་བཅུ་གཅིག་པ་དང་། དོན་ཚན་ཉེར་གཅིག་པའི་ནང་གསེས་ཁག་ཅིག དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ དང་། དོན་ཚན་དོན་དགུ་པའི་ནང་གསེས་ ༣ བཅས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་དང་། དོན་ཚན་ཉེར་གཅིག་པའི་ནང་གསེས་ཤིག་དང་། དོན་ཚན་སོ་བརྒྱད་པའི་ནང་གསེས་ ༩། དོན་ཚན་དོན་གསུམ་པའི་ནང་གསེས་ ༢ བཅས་ཀྱི་བསྐྱར་བཅོས་ལ་བཟོ་བཅོས་ཁྲིམས་འཆར་བསྣམ་རྒྱུ་གནང་ཡོད།
དེ་རྗེས་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་ ༢ པའི་ (ཀ) དང་། ནང་གསེས་ ༣ པའི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་རྒྱབ་སྐྱོར་གནང་ཡོད། བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེ་ཉིད་ཚུད་རྗེས། རིམ་བཞིན་བརྗོད་པ་དང་པོའི་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་བ་དང་། དེ་ནས་བརྗོད་པ་གཉིས་པའི་སྐབས་སྤྱི་འཐུས་རྣམ་པས་དགོངས་ཚུལ་དང་། བགྲོ་གླེང་ལྷུག་པོ་གནང་བ་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་བཅས་ཀྱིས་གསལ་བཤད་གནང་གྲུབ་མཚམས། བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་སྟེ། ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་ཐུབ་མེད།
དེ་ནས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བདུན་པའི་ནང་གསེས་ ༡ ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་ཡོད། རིམ་བཞིན་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ལས་རིམ་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་།
དེ་རྗེས་ལས་རིམ་ལྟར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ (ཡིག་ཆ་ཨང་། ༢༥) ཀྱི་དོན་ཚན་རེ་རེར་བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་སྦྲགས། སྤྱི་མོས་སམ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་ཐོག་ནས་གཏན་འབེབས་གནང་བཞིན་ཡོད།
དེ་རིང་ཉིན་རྒྱབ་ར་ཇི་སི་ཐན་མངའ་སྡེའི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ (Rashitriya Swayamsewak Sangh) ཚོགས་མི་དྲུག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་དང་སྦྲགས། བོད་ཀྱི་རྩ་དོན་དང་། བཙན་བྱོལ་བོད་མིའི་གནས་བབ་ཐོག་འགྲེལ་བརྗོད་སྙིང་བསྡུས་གནང་རྗེས། གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་གནང་བ་དང་། ཁོང་རྣམས་ལ་གྲོས་ཚོགས་ནས་འཚམས་འདྲི་ཞུས་གནང་ཡོད་པ་བཅས། །