བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་ ༩ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ལས་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ བར་གྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་ཡོད་པ་དང་། བགྲོ་གླེང་སྐབས་བཀུར་འོས་སྤྱི་འཐུས་རྣམ་པས་དང་བླངས་དཔྱ་དངུལ་བསྡུ་འབུལ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་། བུད་མེད་ནུས་སྟོབས་གོང་སྤེལ། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ། གདུང་སེམས་མཉམ་བསྐྱེད་ཀྱི་ངེས་མེད་ཞལ་འདེབས། བོད་མི་སུད་ཚོང་བ་རྣམས་ལ་འཚོ་རྟེན་མཐུན་རྐྱེན་སྦྱོར་སྟངས་སོགས་ཀྱི་ཐོག་དགོངས་འཆར་དང་། དྲི་བ་འདོན་གནང་མཛད་པར། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་སྟེ་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་མཇུག་སྒྲིལ་གནང་ཡོད་པ་དང་། བགྲོ་གླེང་ཐོག་སྤྱི་འཐུས་ ༡༨ ཀྱིས་ཆ་ཤས་བླངས་ཡོད།

ཉིན་རྒྱབ་གྲོས་ཚོགས་ཚོགས་ཐུན་བཞི་པར་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གཉིས་པའི་ལས་རིམ་སྐབས་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཁྲིམས་འཆར་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པར་ཕུལ་བར་བརྗོད་པ་དང་པོ་ཟིན་པའི་ཐོག་དཔལ་ལྡན་བཀའ་ཤག་ནས་གཞུང་འབྲེལ་བཟོ་བཅོས་ཁྲིམས་འཆར་སྙན་སྒྲོན་གནང་བ་དང་། དེར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་རྒྱབ་སྐྱོར་གནང་ཡོད།

ཁྲིམས་འཆར་དེ་མང་མོས་ཐོག་ཚུད་པས། བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་གནང་འགོ་བཙུགས་པ་དང་། སང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཁྲིམས་བཟོའི་ལས་དོན་བརྗོད་པ་གཉིས་པ་མུ་མཐུད་འགྲོ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །

Menu