༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཐོག་མར་དཔལ་ལྡན་ཆོས་རིག་བཀའ་བློན་གཡ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་ཡོད། གྲོས་ཆོད་དེའི་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་ཡོད། དེ་ནས་མུ་མཐུད་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་བའི་དོན་གནད་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད། དེ་ནས་ཚོགས་དྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། དེ་བཞིན་ཟུར་བཀོལ་སྔོན་རྩིས་གཏན་འབེབས་གནང་བ་དང་། ཕྱོགས་མཚུངས་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་ཁང་བཅས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། དེ་བཞིན་ཟུར་བཀོལ་སྔོན་རྩིས་ཐོག་བགློ་གླེང་གནང་སྟེ་གཏན་འབེབས་གནང་རྗེས། ས་གནས་འཐུས་ཚོགས་ཁག་ ༢༨ ཀྱི་སྔོན་རྩིས་གཏན་འབེབས་གནང་ཡོད། དེ་རྗེས་བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་ཁག་ལ་བགྲོ་གླེང་ལྷུགས་པོ་གནང་རྗེས་གཏན་འབེབས་གནང་ཡོད།
དེ་རིང་ཉིན་རྒྱབ་གྲོས་ཚོགས་འཚོགས་སྐབས་བོད་ཀྱི་རྩ་དོན་ཐོག་བློ་ཐག་ཉེ་པོ་ཡོད་མཁན་དང་། (Foundation for Non-Violent Alternative) ཞེས་པའི་ཚོགས་པའི་རྒྱུན་ལས་ལྕམ་སྐུ་རི་བོན་ བེ་ནར་ཇི་ (Mrs.Rebon Banerjee) མཆོག་སྐུ་མགྲོན་དུ་ཕེབས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །