བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ ཕྱི་ལོ་ ༢༠༡༨།༣།༡༤ ནས་ ༢༤ བར་བསྐྱང་རྒྱུའི་དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

༄༅། ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གྱིས་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ལ་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མ་ལ་ཟླ་བ་དྲུག་གི་རྗེས་སུ་ང་ཚོ་སྤྱི་པའི་ལས་དོན་གྱི་ཐོག་ལ་མཉམ་དུ་བཅར་ཐུབ་པ་དང་། དེ་རིང་མཉམ་འཛོམས་བྱུང་ཐུབ་པ་དེ་ལ་དམིགས་བསལ་གྱིས་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ནང་ལ་ང་ཚོ་ལས་ཉིན་བཅུ་ཆགས་ཀྱི་ཡོད་རེད། དེའི་ལས་རིམ་ནང་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་རིགས་གཅིག་ཡོང་གི་ཡོད་རེད། དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ཚེས་ ༢༦ ཁམས་དཀར་མཛེས་ནས་རང་ལུས་མེར་བསྲེགས་གནང་མཁན་གྲྭ་བསྟན་དགའ་ལགས་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན་ཨ་མདོ་རྔ་བ་ནས་ཡིན་པའི་དཀོན་དཔེ་ལགས། ཉེ་ཆར་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ལ་བྱུང་བའི་ཨ་མདོ་རྔ་བ་ནས་ཡིན་པ་ཚེ་ཁོ་ལགས། ང་ཚོས་ཤེས་ཚོད་བྱས་ན་ཁོང་གསུམ་ཀ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཆགས་ཡོད་པ་རེད། དེར་བརྟེན་ཁོང་རྣམ་པ་གསུམ་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བསྣམ་རྒྱུ་ཞིག་དང་། དེ་ག་ནང་བཞིན་གྱི་ཡུན་རིང་པོ་ནས་ང་ཚོ་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཏྲི་ཁཱ་ (Trikha) ལགས། ཁོང་ལྟ་བུར་མཚོན་ན་ང་ཚོ་མང་པོ་ཞིག་གི་བློ་ཡུལ་དུ་འཆར་ཐུབ་པ་ཞིག་རེད། དེར་བརྟེན་ཡུན་རིང་པོ་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཁོང་ཉེ་ཆར་འདས་གྲོངས་སུ་གྱུར་ཡོད་པ་རེད། ཁོང་ལ་དམིགས་བསལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་དང་། ཁོང་གིས་ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་ཡུན་རིང་པོ་ནས་ལས་དོན་སྣ་མང་གི་ཐོག་ལ་ཐུགས་འགན་བཞེས་འདུག དེ་བཞིན་སྤྱི་འཐུས་སྐབས་གཉིས་ཀྱི་རིང་ལ་སྤྱི་འཐུས་ཀྱི་ལས་འགན་བཞེས་མྱོང་མཁན་སྤྱི་འཐུས་ཟུར་པ་ཧོར་གཙང་བློ་བཟང་བསྟན་འཛིན་ལགས་ཉེ་ཆར་འདས་གྲོངས་སུ་ཕྱིན་པ་རེད། ཁོང་གི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཡོད། དེ་ག་ནང་བཞིན་གྱི་ང་ཚོའི་ལས་རིམ་གལ་ཆེ་བ་ཞིག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་རེད། དེ་ཡང་རྣམ་པ་ཚོ་ཚང་མས་མཁྱེན་གྱི་རེད། ༢༠༠༨ ནས་བཟུང་སྟེ་ད་ལྟའི་བར་དུ་བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་ནས་གནས་བསྡད་པ་དེ་འདྲ་ཞིག་ཆགས་ཡོད་རེད། ང་ཚོ་གྲོས་ཚོགས་ཀྱི་ཐོག་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་ལ་ཚང་མས་དགོངས་ཚུལ་གསུང་རྒྱུ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་དགོངས་ཚུལ་གསུང་རྒྱུ། དེ་འདྲའི་ཐོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་མཐུན་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་འདྲ། ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ཡིན་ནའང་འདྲ། ང་རང་ཚོས་བྱེད་ཡ་ག་རེ་འདུག་གམ། ང་ཚོས་གང་བྱེད་དགོས་ཀྱི་འདུག གྲོས་ཆོད་དེ་དག་འཇོག་རྒྱུའི་ཐོག་ནས་དགོངས་ཚུལ་གསུང་ཐུབ་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག དེར་བརྟེན་ལས་རིམ་གལ་ཆེ་བ་གཅིག་དེ་ཆགས་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།

 དེ་ནས་ད་རེས་ཀྱི་གྲོས་ཚོགས་འདིའི་ལས་རིམ་གལ་ཆེ་བ་གཅིག་དཔལ་འབྱོར་གྱི་ལས་དོན་ཆགས་བསྡད་ཡོད་རེད། དཔལ་འབྱོར་གྱི་ལས་དོན་འདི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ཟེར་བ་དང་ལམ་སེང་སྔོན་རྩིས་ཀྱི་གྲོས་ཚོགས་ཡིན་པ་ཞིག་ཚང་མའི་བློ་ངོར་འཆར་རྒྱུ་ཞིག་རང་བཞིན་གྱིས་ཆགས་ཡོད་པ་རེད། དེར་བརྟེན་རྩིས་ལོ་ ༢༠༡༨་་་༡༩ ལོ་འདིའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་རྩིས་ཤོག་འཆར་འབུལ་ཞུས་པ་དེའི་ཐོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བསྐྱར་ཞིབ་བྱས་ནས་སྙན་ཐོ་ཞིག་ཕེབས་ཀྱི་ཡོད་རེད། དེ་ག་ནང་བཞིན་གྱི་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨་་་༡༩ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་ཕེབས་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་ལས་ཉིན་མང་བ་ཞིག་གཏོང་དགོས་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་རིག་པ་བསྒྲིམ་ས་འདྲ་པོ་གལ་ཆེ་བ་གཅིག་དེ་ཆགས་ཀྱི་རེད། དེའི་ཐོག་ནས་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་ཐེངས་གཅིག་ཙམ་ཞིག་གུང་སེང་བཞག་ནས། དཔལ་ལྡན་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་རེད། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་རེད། དེ་ཚོའི་ཐོག་ལ་ཐུགས་ཞིབ་གནང་རྒྱུར་དུས་ཚོད་དམིགས་བསལ་སྟོང་པ་ཕུལ་ཡོད། དེ་ཚོའི་ཐད་ལ་ཚང་མས་ཐུགས་ཞིབ་དང་དགོངས་ཚུལ་ལྷུག་པོ་ཕེབས་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད།

དེ་ནས་ལས་རིམ་གཅིག་ཁྲིམས་བཟོའི་ལས་རིགས་ཆགས་ཀྱི་འདུག ཁྲིམས་བཟོའི་ལས་རིམ་འདི་དང་འདི་ཡོད་ཅེས་དམིགས་བསལ་གྱིས་ཞུ་ཐུབ་ཀྱི་མི་འདུག་ཀྱང་། གང་ལྟར་འཛིན་སྐྱོང་བཀའ་ཤག་ནས་ཁྲིམས་བཟོའི་ལས་དོན་ཡོད་པ་གསུངས་གནང་སོང་། ང་ཚོའི་ད་ལྟའི་གནས་སྟངས་ཀྱི་ཐོག་ནས་བལྟས་པ་ཡིན་ན། རིགས་གཅིག་ཕེབས་དགོས་པ་ཆགས་ཀྱི་འདུག དེར་བརྟེན་དེ་རིམ་པས་གསལ་པོར་ཡོང་རྒྱུ་གཅིག་དང་། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དགུ་པ་བསྐོ་འཛུགས་དགོས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་ཡོང་གི་རེད། དེ་དང་འབྲེལ་བའི་གྲོས་འཆར་རིགས་ཀྱང་ཡོང་གི་ཡོད།

 དེ་བཞིན་བཀའ་ཤག་གིས་གཞུང་འབྲེལ་གསལ་བཤད་གནང་འཆར་ཡོད་ཅེས་གསུང་གི་འདུག དེའི་ཐོག་ལ་བགྲོ་གླེང་གི་དུས་ཚོད་གང་ལ་གང་འཚམ་གཏོང་དགོས་ཆགས་སྲིད་ཀྱི་རེད། དེ་མིན་ནམ་རྒྱུན་ནང་བཞིན་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་རེད། དེ་བཞིན་ཐུགས་སྣང་གཞེན་བསྐུལ་དང་། ད་ལྟའི་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་དེ་འདྲ་ཞིག་ལས་ཉིན་བཅུའི་ནང་གི་ཚོགས་གཙོ་གཉིས་ཀྱིས་ལས་རིམ་སྒྲིག་པ་ཞིག་ཆགས་ཡོད་ཅེས་སྙན་གསན་ཞུ་རྒྱུ་ཡིན།

 དེ་ནས་ང་ཚོའི་ཆབ་སྲིད་ཀྱི་གནད་དོན་གྱི་ཐོག་ལ། རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་བཤད་ཞུས་ཟིན་པ་ཙམ་རེད། དེ་བཞིན་གཤམ་དུ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཕེབས་ཀྱི་ཡོད་རེད། དེ་ཚོའི་ཐད་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་རེད། རྒྱལ་སྤྱིའི་གནས་བབས་ཀྱི་ཐོག་ནས་རྒྱ་ནག་གི་འབྱུང་འགྱུར་སྲིད་བྱུས་རིགས་དེ་ཚོ་ཚང་མ་ཞིབ་ཚགས་པོ་འདྲ་ཞིག་བཀོད་ཡོད་རེད། དེ་ཚོའི་ཐད་ལ་ཚོགས་གཙོས་དུས་ཚོད་དམིགས་བསལ་མང་པོ་ཞུ་མི་དགོས་པའི་འབད་བརྩོན་བྱེད་ཀྱི་ཡིན། ཡིན་ནའང་ང་ཚོ་བོད་མི་སྲིད་དོན་གྱི་སྐྱབས་བཅོལ་བ་ཆགས་བསྡད་ཡོད་རེད། སྲིད་དོན་གྱི་སྐྱབས་བཅོལ་ཆགས་པའི་ཐོག་ནས་ད་ལྟ་ང་ཚོས་ལས་འགན་སྒྲུབ་དགོས་པ་མང་པོ་ཞིག་ཡོད་པའི་ནང་ནས། གལ་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་རྒྱུའི་ལས་འགན་དེ་ཆགས་བསྡད་ཡོད་རེད། ད་ལྟའི་ཆར་བལྟས་ན་རྒྱ་ནག་ནང་དུ་དངོས་སུ་འགྱུར་བ་ཤུགས་ཆེན་པོ་ཞིིག་འགྲོ་བསྡད་ཡོད་པ་དེ་གསལ་པོར་ཆགས་འདུག ཡིན་ནའང་འགྱུར་བ་འགྲོ་བཞིན་པ་དེ་ཁ་ཕྱོགས་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད། ད་ལྟ་ང་ཚོས་ཚོད་དཔག་ཞུ་ཚོད་མི་ཐིག་པ་འདྲ་པོ་ཞིག་གི་གནས་སྟངས་ཆགས་བསྡད་ཡོད་རེད། ཡིན་ནའང་འགྱུར་བ་འགྲོ་གི་ཡོད་པ་དེ་གསལ་པོ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བལྟས་ན་ཡང་། སོ་སོའི་སྤྱི་ཚོགས་ཀྱི་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་གྱི་གནས་སྟངས་ཀྱི་ཐད་ནས་འགྲེལ་བཤད་རྒྱག་སྟངས་དང་སྲིད་བྱུས་འཛིན་སྟངས་མི་འདྲ་བ་ཡོང་གི་ཡོད་པ་རེད། ཡིན་ན་ཡང་བོད་དོན་གྱི་ཐོག་ལ་ཕྱོགས་ཚང་མ་ནས་ནུས་པ་མཉམ་སྤུངས་ཀྱིས་རྒྱབ་སྐྱོར་ཡོང་རྒྱུའི་གནས་ཚད་ཅིག་ལ་སླེབས་བསྡད་ཡོད་རེད། གང་ལྟར་གནས་ཚད་མཐོ་པོ་ཆགས་བསྡད་ཡོད་པ་རེད། རྒྱ་ནག་གཞུང་གི་ཐོག་ནས་ཡིན་ན་ཡང་། སྲིད་འཛིན་རིམ་པས་བོད་དོན་གྱི་ཐོག་ལ་ཐུགས་སྣང་གནང་ཡག་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་གནང་ཐུབ་རྒྱུར་ཐབས་ཤེས་མང་པོ་བཏོན་ཡོད་རེད། ཡིན་ཡང་དེ་གཞིར་བཟུང་གི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རེད། གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་འབྲེལ་བ་དེ་དོན་དང་ལྡན་པ། དངོས་གནས་ཕྱོགས་གཉིས་ཀ་ལ་ཐུགས་ཕན་གསོས་པ་ཡོང་རྒྱུའི་ཆེད་དུ་ཡིག་ཐོག་དང་ངག་ཐོག་གཉིས་ཀའི་ཐོག་ནས་རྒྱ་ནག་གཞུང་ལ་གོ་བརྡ་འདྲ་མ་སོང་ན་གསལ་པོ་སྤྲད་ཡོད་རེད། ཡིན་ནའང་རྒྱ་ནག་གཞུང་གི་ཐོག་ནས་ད་བར་དུ་ཡ་ལན་ཚུལ་མཐུན་ཞིག་གནང་མེད་པ་དང་། གོམ་པ་མདུན་སྐྱོད་ཞིག་གནང་ཐུབ་མེད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ད་ལྟའི་ཆ་ལ་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་སོགས་ནས་རྒྱལ་སྤྱིའི་ནང་ལོགས་ལ་རྒྱ་ནག་གཞུང་དེ་གནས་ཚད་མཐོ་པོ་འདྲ་པོ་སླེབས་བསྡད་ཡོད་རེད། ཡིན་ན་ཡང་རྒྱ་ནག་ནང་ལོགས་རེད། དེ་བཞིན་བོད་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་གནས་སྟངས་ཀྱི་ཐོག་ནས་བལྟས་པ་ཡིན་ན། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། གསར་འགོད་རང་དབང་གི་ཐོབ་ཐང་། དེ་བཞིན་བོད་ཐེ་བའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་རང་དབང་དང་། ཆོས་དད་རང་དབང་གི་ཐོབ་ཐང་དེ་ཚོ་ཉིན་རེ་བཞིན་དུ་སྡུག་ཏུ་འགྲོ་གི་ཡོད་པ་དེ་གསལ་བོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་རྒྱལ་སྤྱིའི་ཚོགས་ཀྱི་ཐོག་ནས་ཡང་དེ་ལ་སྐྱོན་བརྗོད་གནང་གི་ཡོད་རེད། དེ་འདྲའི་ཐོག་ནས་ད་ལྟའི་དུས་ཚོད་ལ་རྒྱ་ནག་གི་ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་སྟངས་ཐོག་ནས་དེ་འདྲའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་རེད།

 ཡིན་ན་ཡང་།  རྒྱ་གཞུང་གི་བོད་དེ་བཙན་བཟུང་བྱས་པའི་རྗེས་སུ་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གིས་སྲིད་བྱུས་དང་མི་མཐུན་པ། བོད་མི་རྣམས་ཀྱིས་མངོན་འདོད་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་རིམ་པར་བྱས་ཡོད་རེད། ལྷག་པར་དུ་ཕྱི་ལོ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་རེད། དེ་བཞིན་ཕྱི་ལོ ༢༠༠༩ ནས་ ༢༠༡༨ བར་དུ་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་གྲངས་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་ནས། གཙོ་བོ་ཁོང་རྣམ་པའི་མངོན་འདོད་དེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། དེ་འདྲ་དགོས་འདུན་བཏོན་ཡོད་རེད། ཡིན་ན་ཡང་རྒྱ་ནག་གཞུང་གི་ཐོག་ནས་དེ་ཚོ་བདག་སྤྲོད་མ་གནང་བ་མ་ཟད། གནས་ཚུལ་གང་བྱུང་བ་དེ་འགེབ་སྲུང་བྱེད་པ་དང་། འགྲེལ་བཤད་ལོག་པ་བརྒྱབ་སྟེ་དྲིལ་བསྒྲགས་དེ་འདྲ་གནང་གི་ཡོད་རེད། ཡིན་ན་ཡང་རྒྱ་ནག་གཞུང་གི་ཐོག་ནས་བོད་ཀྱི་གནད་དོན་དེ་ཡལ་བ་དོར་བའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་གཟེངས་སུ་ཐོན་པ་ཞིག་ཡོང་ཐུབ་ཀྱི་རེད་དམ་མ་རེད་ཅེས་དྲི་བ་ཞིག་ཆགས་བསྡད་ཡོད་རེད། དེ་ཡོང་མི་ཐུབ་པ་གསལ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་རྒྱ་ནག་གཞུང་གི་ཐོག་ནས་བསྐྱར་དུ་རྟོག་ཞིབ་བྱས་པའི་ཐོག་ནས། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་རེད། བོད་ནང་གི་བོད་མི་རྣམས་ཀྱི་མངོན་འདོད་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གྱི་གནས་བབས་བཅས་ལ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་དེ་གང་མགྱོགས་བསྐྱར་མཐུད་ཡོང་ཐུབ་རྒྱུར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ཞུ་འདོད་བྱུང་།

 དེ་ནས་ང་ཚོ་བོད་གཞིས་བྱེས་གཉིས་སུ་གྱེས་ནས། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་དྲུག་ཅུ་ཟིན་འགྲོ་གི་ཡོད་རེད། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆོན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། ཁོང་གིས་བོད་མི་རྣམས་ལ་ཐུགས་བརྩེ་བས་བསྐྱངས་བར་བརྟེན་ནས་བོད་ཀྱི་ཆོས་དང་རིང་གཞུང་། སྐད་ཡིག གོམས་གཤིས། ལྷག་པར་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་ནས་དོ་སྣང་སླེབས་པ་དང་། རྒྱབ་སྐྱོར་ཐོབ་བསྡད་པ་འདི་ཁོང་གི་བཀའ་དྲིན་ཆགས་བསྡད་ཡོད་རེད། དེ་བཞིན་དུ་ད་ལྟའི་དུས་ཚོད་ལ་ང་ཚོ་བོད་མི་རྣམས་ཀྱིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་ཐུགས་རེ་གནང་བ་དེ་དག་བོད་པ་ཚང་མས་སེམས་ལ་ཉར་ནས་ཁོང་གི་བཀའ་དྲིན་དྲན་པའི་ཐོག་ནས་དྲིན་ལན་ལོག་འཇལ་གྱི་རྒྱུར་མི་འགྲོ་བའི་ཐོག་ནས་ཐུགས་དགྱེས་པའི་ཞབས་ཏོག་བསྒྲུབ་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་འདུག དེ་འདྲ་ཡིན་དུས་ང་ཚོ་མིི་རབས་འདིའི་ཐོག་ནས་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་པ་དེ་ང་ཚོས་ཚད་ལྡན་ཞིག་རྒྱུན་སྐྱོང་བྱེད་མ་ཐུབ་པ་ཡིན་ན། རྗེས་མའི་དུས་ཚོད་ཅིག་ལ་ལོ་རྒྱུས་སུ་ནག་ཐིག་ཕོག་པ་ཡིན་ན། རྗེས་མའི་མི་རབས་ཀྱི་ཐོག་ནས་སེམས་པ་སྐྱོ་དགོས་པ་དང་། བློ་ཕམ་དགོས་པའི་གནས་ཚུལ་ཆགས་མི་སྲིད་པ་མ་རེད། དེ་འདྲ་ཡིན་དུས་ད་ལྟའི་ང་ཚོ་མི་རབས་འདིའི་ཐོག་ནས་དངོས་གནས་སེམས་ལ་ཉར་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག དེ་ནས་ཉེ་ཆར་ཆོ་འཕྲུལ་སྨོན་ལམ་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་རེད། ལྷག་པར་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བ་དེ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། སྐྱིད་ན་སྐྱིད་གཅིག སྡུག་ན་སྡུག་གཅིག་དགོས་རྒྱུའི་བཀའ་སློབ་ནན་པོ་ཕེབས་ཡོད་རེད། དེ་ཡིན་ཙང་། དེ་དག་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཡིན་ན་ཡང་འདྲ། གྲོས་ཚོགས་ཀྱི་ཚོགས་མི་ཟེར་དུས་གཙོ་བོ་འཛིན་སྐྱོང་གི་བཀའ་ཤག་དང་བཀུར་འོས་སྤྱི་འཐུས་ཚང་མ་ལ་གོ་དགོས་ཀྱི་ཡོད་རེད། མང་ཚོགས་ཡིན་ནའང་རེད། ཚང་མས་སེམས་ལ་ངེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པ་ནང་བཞིན་ཞིག་བྱུང་བ་ཡིན་ན། བོད་སྤྱི་པའི་བསོད་ནམས་གོང་མཐོར་འགྲོ་རྒྱུ། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཡོང་ཐུབ་རྒྱུ། བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་ཆེ་རུ་འགྲོ་རྒྱུ། བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཐོག་ལ་དམིགས་བསལ་ནུས་པ་ཐོན་ཐུབ་རྒྱུའི་རེ་བ་ཆེན་པོ་འདུག དེ་འདྲ་ཡིན་དུས་དེ་ཚོ་ཚང་མ་ཐུགས་ལ་ངེས་པ་གནང་རོགས་ཞེས་ཞུ་རྒྱུ་གཅིག་དེ་ཡིན།

 དེ་རིང་ང་ཚོ་གྲོས་ཚོགས་ཚོགས་ཐེངས་ལྔ་པའི་ཐོག་ལ་གོང་དུ་ཞུས་པའི་ལས་རིམ་ཁག་རེད། དེ་མ་ཡིན་པའི་སྤྱི་འཐུས་སྒེར་གྱི་ལས་རིམ་ཁག་རེད། ལས་རིམ་མི་འདྲ་བ་གང་འདྲ་ཕེབས་པ་ཡིན་ནའང་རེད། བསམ་ཚུལ་མི་མཐུན་པ་ཡོང་སྲིད་པ་རེད། ཡིན་ནའང་གནད་དོན་ཐོག་ལ་གླེང་སློང་ཡག་པོ་ཡོང་ཐུབ་རྒྱུ། དེ་ག་ནང་བཞིན་གྱི་ཞིབ་ཚགས་པོའི་གྲོས་བསྡུར་ཡོང་ཐུབ་རྒྱུ། དེ་ཡང་བོད་སྤྱི་པ་རང་ལ་ཕན་ཐོགས་ཐུབ་རྒྱུའི་དམིགས་ཚད་ཟིན་ཐུབ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག དེ་བཞིན་སྤྱི་ཚོགས་ནང་གི་གནད་དོན་མང་པོའི་ཐོག་ལ་གྲོས་ཚོགས་ནང་དུ་སོ་སོས་གླེང་སློང་ཇི་འདྲ་ཞིག་བྱས་པ་ཡིན་ནའང་། ཟུར་ཟ་ལྟ་བུ་དང་། སྡིགས་ར། ཁྱད་གསོད། མཐོང་ཆུང་ལྟ་བུ་མ་ཡིན་པར་གནད་དོན་དེ་ཁ་གསལ་པོ་ཁུངས་འཕེར་ར་སྤྲོད་བྱེད་ཐུབ་རྒྱུ། དེ་བཞིན་ཕྱོགས་ཚང་མའི་གནད་དོན་རྟོགས་ཐུབ་རྒྱུ། དྲང་པོ་དང་རང་བཞིན་གྱིས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་གནང་ཐུབ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག ད་ལྟ་ང་ཚོའི་གྲོས་ཚོགས་འདིའི་ཐོག་ལ་དོ་སྣང་གནང་མཁན་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཙམ་མ་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་ཡིན་ནའང་འདྲ། རྒྱ་ནག་གཞུང་གི་ཐོག་ནས་ཡིན་ནའང་འདྲ། དོ་སྣང་ཤུགས་ཆེན་པོ་གནང་གི་ཡོད་པ་གསལ་པོ་རེད། བྱས་ཙང་དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

  མདོར་ན་ང་ཚོ་བོད་མིའི་འཐབ་རྩོད་དང་། བོད་མིའི་སྤྱི་ཚོགས་ཀྱི་ཆེ་མཐོང་ལ་ཞན་ཆ་མི་འགྲོ་བ། བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོས་ཡིད་ཆེས་འཕེར་བའི་ཚབ་ཏུ་ཡིད་ཐང་ཆད་པའི་རྒྱུར་མི་འགྲོ་བ་གནང་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་འདུག་ཅེས་དེ་རིང་འདི་ཞུ་འདོད་བྱུང་།དེ་ནས་ད་རེས་ང་ཚོའི་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འདིའི་ཐོག་སྤྱི་འཐུས་གཉིས་ཙམ་ཉིན་དང་པོ་འདིར་དགོངས་པ་ཞུས་པ་མ་གཏོགས་དེ་མིན་ལས་ཉིན་ཚང་མར་སྤྱི་འཐུས་དགོངས་པ་ཞུ་མཁན་གཅིག་ཀྱང་བྱུང་མེད། དེ་འདྲ་ཡིན་དུས་ཚང་མ་བཅར་ཐུབ་ཡོད་ཅེས་ཞུ་རྒྱུ་ཡིན། ད་རེས་ཀྱི་གྲོས་ཚོགས་ལས་ཉིན་བཅུ་པོ་དེ་དོན་ཕན་ལྡན་པ། ཚགས་ཚུད་པོ་ཡོང་རྒྱུ་དང་། གྲོས་ཚོགས་འདིར་ཚོགས་མི་ཚང་མས་འཕྱ་གྲུ་མཉམ་འདེགས་དང་། འགན་ཁུར་ཆེ་བཞེས་གནང་རོགས་ཞེས་ཞུ་རྒྱུ་ཡིན།

 

Menu