༄༅།། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ཚེས་ ༡༡ ནས་ ༣༠ བར་ཡུ་རོབ་གླིང་ཕྲན་ནང་གི་རྒྱལ་ཁབ་བཞི་ལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༩ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་ལྡི་ལི་ནས་སྦེལ་ཇམ་རྒྱལ་ཁབ་ཀྱི་རྒྱལ་ས་སྦེར་སིལ་ཕྱོགས་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས་མཛད་རིམ་དང་། དེ་རྗེས་མུ་མཐུད་ཕ་རན་སི་དང་། སུད་སི། ནི་ཐར་ལེན་ཊི་རྒྱལ་ཁབ་རྣམས་ལ་མཛད་རིམ། ཕྱི་ཚེས་ ༣༠ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།