༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་ ༩ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ལས་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་ལྷུག་པོ་གནང་ཡོད།
དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པ་ཚོགས་གནང་སྟེ། ཐོག་མར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ནས་རྒྱབ་སྐྱོར་གནང་ཡོད། ཕྱོགས་མཚུངས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་སྟེ། མཐར་སྤྱི་འཐུས་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་གནང་ཡོད།
དེ་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་གཅིག་པའི་ནང་གསེས་ ༢ པ་དང་། དོན་ཚན་བཅུ་བདུན་པའི་ནང་གསེས་ ༣ པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར། དཔལ་ལྡན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་ཡོད།
དེ་བཞིན་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི། དོན་ཚན་བཅུ་གཉིས་པའི་ནང་གསེས་ ༣ པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར། དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་ཡོད།
དེ་ནས་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་བཞི་པ་དང་། ལྔ་པའི་ནང་གསེས་ ༡ ། དྲུག་པའི་ནང་གསེས་ ༡ དང་། ༡༡ ། བཅས་ཀྱི་ཐོག་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་ཡོད།
ཕྱོགས་མཚུངས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དྲུག་པའི་ནང་གསེས། ༡ པོའི་ཐོག་གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་ཡོད། ཁྲིམས་འཆར་དེ་དག་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དོགས་དྲི་གནང་སྟེ་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོའི་ལས་རིམ་གྲུབ་མཚམས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། བཀའ་ཤག་ནས་ལན་འདེབས་ཀྱི་གསལ་གཤད་གནང་ཡོད།
དེ་རིང་སྔ་དྲོ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་དང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ ཁེར་མེ་ Rinchen Khando Khermey མཆོག་དང་། ཤར་ཕྱོགས་ཁུལ་གྱི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་པའི་ལས་རོགས་དང་རྒྱ་གར་གྲོང་གསེབ་ཡར་རྒྱས་དང་བླངས་ཚོགས་པའི་དྲུང་ཆེ་སྐུ་ཞབས་སུ་རིན་ཌར་ ཀུ་མར་ Surendra Kumar མཆོག་གིས་གཙོས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་ ༡༠ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྣེ་ལེན་ཕེབས་བསུ་དང་སྦྲགས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཁོང་རྣམས་ལ་གསུང་དོན། ཕྱི་ལོ་ ༢༠༡༢ ཡི་རྗེས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རྣམ་པ་བཞུགས་སྒར་དུ་གཞུང་འབྲེལ་ཐོག་ཕེབས་པ་དང་པོ་ཡིན་ཡང་རྣམ་པ་ཚོ་འདིར་ཕེབས་མིན་ལ་མ་ལྟོས་པར་སོ་སོའི་ས་ཁུལ་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་གནང་བཞིན་ཡོད་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། རྣམ་པ་ཚོ་བོད་དོན་རྒྱབ་སྐྱོར་སྣེ་འཁྲིད་པ་ཡིན་ཙང་། སྤྱིར་བོད་པའི་གནད་དོན་ཐོག་འགྲེལ་བརྗོད་ཞུ་མི་དགོས་པ་ཞིག་རེད། ཅེས་དང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་ནང་ལས་དོན་གང་གནང་གི་ཡོད་པའི་སྐོར། དཔེར་ན་ཉེ་ཆར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཉི་འོང་དང་། ཨུ་རུ་སུ་རྒྱལ་ཁབ་ནང་གནད་ཡོད་མི་སྣ་མཇལ་འཕྲད་གནང་བ་སོགས་ཀྱི་སྐོར་ལ་ཞུས་གནང་ཡོད། ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་རྒྱལ་སྤྱིའི་མི་སྣ་མང་པོ་ཞིག་བཞུགས་སྒར་རྡ་སར་གཟིགས་བསྐོར་དུ་བོད་དོན་ཐོག་ཤེས་རྟོགས་ཆེད་ཕེབས་བཞིན་ཡོད་པའི་སྐོར། མཐའ་དོན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚགས་ཚུད་དང་། ལྷག་པར་དུ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚགས་ཚུད་དང་རྒྱ་བསྐྱེད་ཡོང་ཐབས་གནང་བའི་འབོད་སྐུལ་ཞུས་གནང་ཡོད། དེ་རྗེས་ཁོང་རྣམས་ནས་ཀྱང་ལམ་སྟོན་དང་བསམ་ཚུལ་གསུངས་གནང་ཡོད།
དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐུན་དང་པོའི་སྐབས་གྲོས་ཚོགས་ནང་ཁོང་རྣམས་སྐུ་མགྲོན་དུ་གདན་ཞུས་ལྟར་ཕེབས་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གིས་གཙོས་སྤྱི་འཐུས་རྣམ་པས་སྐུ་བཞེངས་ཐོག་འཚམས་འདྲི་ཞུས་གནང་བ་ཡོད།