བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༢ པའི་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད།

111

ད་རེས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ། ལས་ཉིན་དགུའི་རིང་ལ་བསྐྱངས་ཡོད་རེད། གཙོ་བོ་གྲོས་ཚོགས་ཀྱི་ལས་རིམ་ནང་དུ་མྱ་ངན་གུས་དུད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་དང་།  དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། དེ་ནས་ཁྲིམས་སྒྲིག་བསྐྱར་བཅོས་ཁག།བཀའ་ཤག་གི་གསལ་བཤད། སྐར་རྟགས་ཅན་གྱི་དྲི་བ་ཁག དེ་ནས་ང་ཚོའི་ལས་ཉིན་གྱི་དུས་ཚོད་མང་བ་ལྷན་ཁང་ཁག་གི་ལས་བསྡོམས་ཀྱི་ཐོག་ལ་བཏང་ཡོད།   དེ་ཡིན་དུས་ཚོགས་གཙོ་གཉིས་ཀྱི་ངོས་ནས་ལས་རིམ་གྱི་ནང་དུ་ཆ་ཤས་ལེན་ཕྱོགས་ཀྱི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་དང། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མས། འགན་ཁུར་མཉམ་བཞེས་ཀྱིས་མང་གཙོའི་འགྲོ་སྟངས་ཚད་དང་ལྡན་པའི་ཐོག་ནས་ཆ་ཤས་ཚད་དང་ལྡན་པ་ཞིག་བཞེས་སོང། དེ་ཡིན་དུས་དེ་རིང་འདིར་གྲོས་ཚོགས་ཀྱི་ཚོགས་མི་ཚང་མ་ལ་ཚོགས་གཙོ་གཉིས་ཀྱི་ངོས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཡིན་ན་ཡང་ང་ཚོའི་གྲོགས་ཚོགས་ཀྱི་ལས་རིམ་སྐྱོང་བའི་སྐབས་སུ། མཚམས་མཚམས་ཏོག་ཙམ་འགྲོ་སྟངས་ཀྱི་ཐོག་ནས་ཏག་ཏག་བསྡད་མ་བསྡད་དེ་འདྲ་ཡོང་གི་འདུག དེ་རིང་གི་གྲོས་ཚོགས་ལ་ཆ་མཚོན་ན་བཀུར་འོས་སྤྱི་འཐུས་ནང་ཕན་ཚུན་ཚིག་རྒྱག་ཞུ་རྒྱུ་ལྟ་བུ་དང་། དེ་བཞིན་བཀའ་མོལ་གསུང་དུས་དང་པོ་བཀའ་མོལ་གསུང་མཁན་དེའི་ཞལ་ལ་བལྟས་ནས་ཐད་ཀར་གསུང་བ་སོགས། དེ་ལྟ་བུའི་སྤྱོད་ལམ་སྟོན་ཕྱོགས་ཀྱི་ཐོག་ལ་ཚོགས་གཙོ་ལ་ཏོག་ཙམ་སེམས་འཚབ་བྱུང་། ཡིན་ན་ཡང་ང་རང་ཚོ་གྲོས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་རེད། གང་ཟག་དེས་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་འགན་འཁུར་ཞུ་རྒྱུ་ཡིན་ཟེར་ནས་དམ་བཅའ་བཞེས་པ་ཡིན་དུས། ང་རང་ཚོའི་བསམ་ཚུལ་མ་མཐུན་པ་གཅིག་གི་ཐོག་ནས་བགྲོ་གླེང་གི་ཆ་ཤས་ལེན་ཕྱོགས་ཀྱང་གཏམ་བཤད་གཅིག་གྱུར་མི་ཡོང་བ་ཚོགས་གཙོས་ཤེས་ཀྱི་ཡོད། ཡིན་ན་ཡང་ང་རང་ཚོ་བོད་སྤྱི་པའི་མི་ཞིག་ཡིན་པའི་ཆ་ནས། ང་རང་ཚོས་ལས་དོན་གང་ཞིག་བསྐྱངས་པ་ཡིན་རུང་མཐའ་མ་དེ་བོད་མི་རིགས་ལ་ཕན་ཐོགས་རྒྱུ་ཞིག་དང་། འབྱུང་འགྱུར་མ་འོངས་པའི་བོད་མི་རིགས་གསར་པ་དེ་ཚོས་ང་རང་ཚོའི་དུས་ཚོད་འདི་ལ་ཕྱིར་མིག་བལྟ་དུས། དེ་ཚོའི་གྲས་དེ་དངོས་ནས་ཚད་དང་ལྡན་པ་ཞིག་དང་། དངོས་ནས་ཡིད་ཆེས་ཆ་འཇོག་ཞུ་ས་ཞིག་རེད་འདུག་ཨང་སྙམ་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་སྐོང་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག དེ་ཡིན་དུས་དེ་རིང་ང་ཚོ་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པ་རེད། ད་དུང་དུས་ཚོད་མང་བ་ཞིག་ལྷག་བསྡད་ཡོད་རེད། དེ་ཡིན་དུས་དེ་ཚོའི་གྲས་དེར་འགན་འཁུར་བཞེས་ཕྱོགས་དེ་ཚད་དང་ལྡན་པ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་བོད་མི་མང་གི་འགན་བསྐུར་བའི་ཐོག་ནས་གནང་དགོས་རྒྱུ་ཞིག་རེད་མ་གཏོགས། སོ་སོའི་བསམ་ཚུལ་གང་བྱུང་གནང་སའི་སྡིངས་ཆ་ཞིག་མིན་དུས། དེ་ཚོའི་གྲས་དེར་ཏོག་ཙམ་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་མིན་ནམ་སྙམ་ནས་ཚོགས་གཙོས་དེ་རིང་དེ་གཅིག་ཞུ་འདོད་བྱུང་།

དེ་བཞིན་ད་ལྟ་འདིར་སྤྱི་འཐུས་སྒེར་ཞིག་གི་གསལ་བཤད་ཕེབས་པ་རེད། སྤྱི་འཐུས་སྒེར་གྱི་གསལ་བཤད་ཕེབས་ཆོག་པ་དེ་ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དགོངས་དོན་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཀྱང་གོ་སྐབས་ཕུལ་བ་རེད། དེའི་རྗེས་སུ་གསལ་བཤད་ཀྱི་ཐོག་ལའང་འཛིན་སྐྱོང་གི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ངོས་ནས་བཀའ་ཤག་གི་གསལ་བཤད་ལན་འདེབས་ཀྱི་འཕྲོས་དེ་ལྷག་བསྡད་ཡོད་རེད། བྱས་ཙང་དེ་དང་མཉམ་དུ་མར་གཅིག་གསུང་ཡོང་དུས་ང་ཚོར་སེམས་འཚབ་བྱེད་རྒྱུའི་ཟང་ངེ་ཟིང་ངེ་ཏོག་ཙམ་ཡོང་གི་འདུག ཡིན་ན་ཡང་ཚོགས་གཙོའི་སྟངས་འཛིན་བྱེད་ཕྱོགས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་པ། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་མཐུན་པ་ཏག་ཏག་ཕྱིན་ཡོད་ཅེས་དེ་གཅིག་ཞུ་འདོད་བྱུང་།

ཡིན་ན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསལ་བཤད་ཀྱི་སྐབས་སུ་གཅིག་བྱས་ན་ཚོར་བའི་ཐོག་ནས་ཕེབས་མེད་འགྲོ་བསམ་པའི་ཚོར་སྣང་ཞིག་བྱུང། དེ་གང་རེད་ཅེ་ན་གྲོས་ཚོགས་ར་བ་འདིའི་ནང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་བྱེད་མཁན་ང་ལས་ལྷག་པ་སུ་ཡོད་ཅེས་པའི་བཀའ་མོལ་ཞིག་གསུངས་སོང། དེ་ཚོགས་གཙོས་ཏག་ཏག་བསྡད་མ་སོང་བསམས་བྱུང། དེ་ཡིན་དུས་དེར་སོ་སོ་སོ་སོས་ངོས་འཛིན་བྱེད་ཕྱོགས་ཤིག་ཡོད་རེད། སོ་སོ་སོ་སོར་བསམ་བློ་གཏོང་ཕྱོགས་ཤིག་ཀྱང་ཡོད་རེད། ད་ལྟ་གཙོ་སྐྱོང་བྱེད་མཁན་གྱི་ཚོགས་གཙོའི་ངོས་ནས་ཀྱང་༸སྐྱབས་མགོན་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཡོད། དད་པ་ཡོད་པ་ཙམ་དུ་མ་ཟད་ངས་ཞུས་ན་ཏག་ཏག་ཅིག་སྡོད་ཀྱི་ཡོད་མེད་མི་ཤེས་ཀྱང། གང་ལྟར་རྨི་ལམ་ཚུན་ཆད་དུའང་རྨིས་པ་དང་། དེ་བཞིན་རྨི་ལ་དུ་རྨིས་པ་ཙམ་མ་རེད། རྗེས་སུ་ཟིན་པའི་ཐོག་ནས་བཀའ་སློབ་གནང་བཞག་པ་དེ་འདྲའང་ཡོད། བྱས་ཙང་དེ་ཚོའི་གྲས་དེ་མཚམས་རེ་ཡར་དྲན་ཡོང་དུས་མིག་ཆུ་ཤོར་བ་དེ་འདྲ་ཡང་ཡོང་གི་ཡོད། དེ་ཡིན་དུས་དེ་ནང་བཞིན་གྱིས་གྲོས་ཚོགས་ཀྱི་འཐུས་མི་ཚང་མར་ཚོར་བ་དེ་ཡོད་རེད་བསམ་གྱི་འདུག དེ་ཚོའི་གྲས་དེ་བཀའ་མོལ་གསུང་ཡོང་དུས་རྩ་བའི་གྲོས་ཚོགས་ནང་ལ་སྤྱི་མོས་དང་མང་མོས་ཀྱི་ཐག་གཅོད་གནང་བཞག་པ་དེ་ཚོ་གྲོས་ཚོགས་ཀྱི་འགན་ཁུར་དགོས་རྒྱུ་དང་། འཛིན་སྐྱོང་གི་འགན་ཁུར་དགོས་པ་ཆགས་ཀྱི་ཡོད་རེད། གྲོས་ཚོགས་ཀྱི་འཐུས་མི་རེ་འགའ་བ་གཅིག་དང་བཀའ་བློན་རེ་འགའ་བ་གཅིག་གི་གཏམ་བཤད་དེ། ང་ཚོས་འགན་འཁུར་དགོས་པ་ཞིག་ཆགས་ཀྱི་ཡོད་མ་རེད། གཏམ་བཤད་གནང་མཁན་གང་ཟག་སོ་སོའི་ངོས་ནས་འགན་འཁུར་དགོས་ཀྱི་ཡོད་རེད། སོ་སོས་ཁུངས་བསྐྱེལ་དགོས་ཀྱི་ཡོད་རེད། དེ་ཡིན་དུས་དེ་གཅིག་ཞུས་ན་བསམ་སོང།

དེ་རིང་ང་ཚོའི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་ལའང་རེད། དེ་བཞིན་བཀའ་ཤག་གི་གསལ་བཤད་ཐོག་ལའང་བགྲོ་གླེང་བྱེད་པའི་སྐབས་སུ། ལས་འགུལ་སྤེལ་དགོས་འདུག་ཅེས་མང་པོ་ཞིག་གིས་གསུངས་སོང། ལས་འགུལ་སྤེལ་དགོས་ངེས་ཅན་རེད། ལས་འགུལ་སྤེལ་དགོས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། གཞུང་འབྲེལ་གྱི་ཐོག་ནས་ལས་འགུལ་སྤེལ་རྒྱུར་འཛིན་སྐྱོང་གི་ཐོག་ནས་དཔལ་འབྱོར་གྱི་མཐུན་འགྱུར་ལ་དཀའ་ངལ་མེད་གསུང་གི་ཡོད་རེད། དེ་ཡང་ང་ཚོར་གཏམ་བཟང་ཞིག་རེད། དེ་ཡིན་དུས་ང་རང་ཚོས་ལས་འགུལ་སྤེལ་རྒྱུའི་བང་སྒྲིག་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་རེད། ཡིན་ན་ཡང་ལས་འགུལ་སྤེལ་བའི་སྐབས་སུ། འཛིན་སྐྱོང་བཀའ་ཤག་གིས་གསུངས་པ་བཞིན་འཚེ་མེད་ཞི་བའི་ཐོག་ནས་དང་། ཁྲིམས་དང་མཐུན་པའི་ཐོག་ནས། ཆེ་མཐོང་དང་ལྡན་པའི་ཐོག་ནས་ཞེས་ཆ་རྐྱེན་གསུམ་བཏོན་ཡོད་རེེད། དེ་དེ་སྔོན་སྤྱི་འཐུས་སྐབས་བཅོ་ལྔ་པའི་སྐབས་སུ་རེད། བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་སུ་བཀའ་སྤྱི་གཉིས་ཀ་ལྷན་འཛོམས་ཀྱི་ཐོག་ནས་ད་ལྟའི་ཆ་རྐྱེན་གསུམ་པོ་དེར་མོས་མཐུན་བྱུང་བ་རེད། བཀའ་སྤྱི་གཉིས་ཀས་མོས་མཐུན་གྱི་ཐོག་ནས་གཏན་འབེབས་བྱས་པ་རེད། དེ་ཡིན་དུས་ང་རང་ཚོས་སྤྱི་ཚོགས་ཀྱི་ནང་ལ་གཞུང་འབྲེལ་གྱི་ལས་འགུལ་སྤེལ་བ་ཡིན་ནའང་འདྲ། དེ་མ་ཡིན་པའི་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ནའང་གང་ལྟར་དེའི་ཆ་རྐྱེན་གསུམ་དེ་ལྡན་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། ལས་འགུལ་སྤེལ་བའི་སྐབས་སུ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་རེད། དེ་ག་ནང་བཞིན་གྱིས་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ། བོད་ནང་གི་གནས་སྟངས། དེ་འདྲ་བའི་ཕྱོགས་མང་པོ་ཞིག་ལ་དགོངས་པ་བཞེས་དགོས་ཀྱི་ཡོད་རེད། སྐབས་དང་དུས་དང་དེ་ཚོའི་གྲས་དེར་དགོངས་པ་བཞེས་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དང་། ལས་འགུལ་སྤེལ་རྒྱུའི་བང་སྒྲིག་དགོས་རྒྱུ་དེ་གནད་འགག་ཅིག་ཆགས་ཀྱི་ཡོད་རེད། དེ་མ་ཡིན་པའི་སོ་སོའི་ལངས་ཕྱོགས་རྩལ་དུ་བཏོན་པ་སོགས་དེ་ཙམ་གྱིས་བསམ་ཤེས་བྱེད་མ་ཐུབ་པའི་ཐོག་ནས་ལས་འགུལ་དེ་འདྲའང་ཡོང་གི་ཡོད་རེད། དེ་ཡིན་དུས་གཙོ་བོ་ང་ཚོས་བོད་ནང་གི་བོད་མིའི་མངོན་འདོད་དང་། བོད་ནང་གི་བོད་མིའི་ལྷག་བསམ་དང་སེམས་ཤུགས་དེ་ཚོ་གཞི་ལ་བཞག་ནས་ང་རང་ཚོས་ལས་འགུལ་སྤེལ་དགོས་ངེས་ཅན་རེད། དེ་ཡིན་དུས་གྲོས་ཚོགས་ཀྱི་ངོས་ནས་ཀྱང་འབྱུང་འགྱུར་ཟླ་བ་དྲུག་གི་ནང་དུ་ང་ཚོ་བསྐྱར་དུ་གཅིག་འཛོམས་ཀྱི་རེད། སྐབས་དེ་དུས་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ལ་ང་ཚོས་བཞུགས་མོལ་ཚོགས་འདུའི་ཐོག་ནས་དེའི་ཐོག་ལ་ང་ཚོས་བང་སྒྲིག་ཆོག་གི་རེད། དེ་ཡིན་དུས་ད་ལྟའི་ཆ་ལ་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཆབ་སྲིད་རང་གི་ཐོག་ལ་ང་ཚོས་ཡིག་ཆ་ཞིག་གཏན་འབེབས་བྱས་ཡོད་རེད། དེ་བཀུར་འོས་སྤྱི་འཐུས་ཚང་མ་ལ་འབུལ་ཐུབ་ཡོད་མེད་མི་ཤེས་ཀྱང་། གང་ལྟར་ཉེ་ཆར་རང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་པའི་རྒྱུན་ལས་སྐུ་ཚབ་ཅིག་ལྡི་ལིར་ཕེབས་སྐབས་དེ་དུས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། དེ་བཞིན་བློན་ཆེན་ཁག་མཇལ་བ་དང། མཇལ་བ་ཙམ་མ་ཟད་དེའི་རྗེས་ལ་རྒྱ་གར་གྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་དེ་ཚོ་ཕེབས་ནས་ཚོགས་འདུ་རང་ཚོགས་ཏེ། རྒྱ་གར་གྱི་ནང་ལ་ང་ཚོའི་ལས་འགུལ་གྱི་གཞི་འདྲ་ཞིག་ཡག་པོ་བཏིང་ཐུབ་ཡོད། མ་འོངས་པར་ང་ཚོས་མངའ་སྡེ་ཁག་སོགས་གང་དུ་ཡིན་ནའང་ལས་འགུལ་སྤེལ་དགོས་ངེས་ཅན་ཡིན་དུས་སྐབས་དང་དུས་ལ་བལྟ་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་འདོད་བྱུང་།

དོན་ཚན་གཉིས་པ། ང་ཚོ་བོད་ཀྱི་སྐད་ཡིག་ཐོག་ལ་རྩ་བའི་ད་གིན་གོང་དུ་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ལ་བགྲོ་གླེང་གི་ཆ་ཤས་མང་པོ་ཞིག་བཞེས་སོང་། དེ་ཡིན་དུས་བོད་ཀྱི་སྐད་ཡིག་གི་ཐོག་ལ་བོད་ནང་གི་བོད་མི་དེ་ཚོས་ཀྱང་ལས་འགུལ་རབས་དང་རིམ་པ་སྤེལ་གྱི་ཡོད་རེད། དེ་ཡིན་དུས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ད་ལྟའི་དུས་ཚོད་འདི་ལ། བོད་ཀྱི་སྐད་ཡིག་ཐོག་ལ་དོ་སྣང་གསར་པ་ཞིག་བསླེབ་དགོས་པ་དེ་ང་ཚོས་རྟོགས་ཀྱི་ཡོད་རེད། དེ་རྟོགས་པ་ཇི་བཞིན་ང་རང་ཚོས་མུ་མཐུད་ནས་མཇུག་སྐྱོང་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག ད་ལྟ་གཙོ་སྐྱོང་གནང་མཁན་འདི་ནིའུ་ཡོག་ (New york) ལ་བཅར་བ་ཡིན། ནིའུ་ཡོག་གི་གཟའ་མཇུག་སློབ་འཁྲིད་ཀྱི་ཕྲུག་གུ་དེ་དག་དང་ཐུག་པ་ཡིན། ཕྲུ་གུ་དེ་དག་གི་བཀའ་མོལ་འགའ་ཤས་ཉན་དུས་རེ་བ་གང་ལ་གང་འཚམ་ཡོད་པ་ཞིག་འདུག། དེ་བཞིན་ཉེ་བའི་ཆར་སྦེལ་ལྗམ་ལ་བཅར་བའི་དུས་ལ། དེར་ཡོད་པའི་སློབ་གྲྭའི་འགན་འཛིན་རྣམ་པར་ཐུག་པ་ཡིན། སྐབས་དེ་དུས་ཁོང་རྣམ་པས་གསུངས་ཀྱི་འདུག སྦེལ་ལྗམ་གྱི་ཕྲུག་གུ་ལྟ་བུ་ཡིན་ན། མ་སྐད་རང་གི་ཐོག་ནས། སྐད་ཡིག་དང་པོ་རང་གི་ཐོག་ནས་བོད་ཡིག་སློབ་ཐུབ་ས་རེད་ཅེས་ཁོང་ཚོར་འདེང་ཚོད་ཞེ་དྲག་འདུག། དེ་འདྲ་ཡིན་དུས་དེ་ཚོའི་གྲས་ང་ཚོས་མུ་མཐུད་ནས་འབྲེལ་ཡོད་ཁྱིམ་ཚང་ནས་བཟུང་སྟེ་ཤེས་རིག་ལས་ཁུངས་དང་། སློབ་གྲྭ་ཁག སྤྱི་ཚོགས་རང་ནས་བོད་ཀྱི་སྐད་ཡིག་ཐོག་ལ་དོ་སྣང་དེ་ཤུགས་ཆེ་ཙམ་གནང་ཐུབ་ན། ང་རང་ཚོའི་སྐད་ཡིག་ནང་དུ་ཡོད་པའི་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡོད་རེད། དེའི་ནང་ནས་ནང་དོན་རིག་པ་དང་། མཚན་མ་རིག་པ། གསོ་བ་རིག་པ་སོགས་གཞན་ལ་མེད་པའི་ཁྱད་ཆོས་ཡོད་པ་ཞིག་ནི། ཕལ་ཆེར་ང་ཚོས་སྤོབས་པ་དང་ལྡན་པའི་ཐོག་ནས་བཤད་ཐུབ་པ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡང་འཛམ་བུ་གླིང་ལ་ཕན་ཐོགས་ཐུབ་པའི་ནུས་པ་ཆ་ཚང་ཡོད་མཁན་ཞིག་རེད། དེ་འདྲ་སོང་ཙང་ང་རང་ཚོའི་སྐད་ཡིིག་གི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་པ་དགོས་དུས། དེ་ཚོའི་གྲས་མུ་མཐུད་དེ་ང་རང་ཚོས་སྣང་ཆུང་དང་འཐུས་ཤོར་མེད་པའི་ཐོག་ནས་འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་འདྲ། འབྲེལ་ཡོད་སློབ་གྲྭ་ཁག་རེད། དེ་བཞིན་སྤྱི་ཚོགས་དང་ཁྱིམ་ཚང་སོགས་ཀྱིས་འགན་འཁུར་ཚད་དང་ལྡན་པ་ཞིག་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་གཅིག་འབོད་སྐུལ་ཞུ་འདོད་བྱུང།

དེ་བཞིན་བཀའ་ཤག་གི་གསལ་བཤད་གནང་བའི་སྐབས་སུ། བར་ལམ་ཞིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་རེ་གཉིས་ཡོད་པ་ཞིག་དང་། དེ་ལ་འཛེམ་ཟོན་མེད་པའི་ཐོག་ནས་ཐེར་འདོན་གནང་དགོས་པ་དེ་འདྲའི་བཀའ་སློབ་ཕེབས་སོང། དེ་ནང་བཞིན་གྱི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་ཚོར་བ་རྣོན་པོའི་ཐོག་ནས་གོ་བསྡུར་དང་བགྲོ་གླེང་གནང་སོང། དེ་ཡིན་དུས་ད་ལྟ་གཙོ་སྐྱོང་གནང་མཁན་གྱི་ཐོག་ནས་ཡིན་ནའང་དེ་ཚོའི་གྲས་དེ་ངེས་པར་དུ་བོད་མིའི་སྤྱི་ཚོགས་སྤྱི་ཡོངས་ནས་དོ་སྣང་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང། ཕྱོགས་གཅིག་ནས་ཁོ་རང་ཚོས་མ་ཤེས་པ་དང། ཉོན་མོངས་པ། དེ་བཞིན་མ་གུས་པ་སོགས་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ཡོང་གི་ཡོད་རེད་ཀྱང་། ཕྱོགས་གཞན་ཞིག་ནས་བརྗོད་ན་བསམ་བཞིན་དུ་དེ་འདྲའི་ཀུན་སློང་ཡང་ཡོད་སྲིད་པ་རེད། དེ་ཡིན་དུས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་ཐོག་ནས་བྱེད་ཀྱི་ཡོད་རེད། ཡིན་ནའང་ང་རང་ཚོའི་སྤྱི་ཚོགས་ནང་དུ་དང་ལེན་གནང་དགོས་པ་གང་ཡང་ཆགས་ཀྱི་ཡོད་མ་རེད། དེར་བརྟེན་ད་ལྟའི་ཆར་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དེ་ཉི་ཤར་སྦར་མོས་འགེབས་མི་ཐུབ་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ནང་བཞིན་ང་ཚོ་བོད་མི་རིགས་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་། དེ་བཞིན་རྗེས་སུ་འཛིན་ཕྱོགས་མཚུངས་ཟླ་མི་ནུས་པ་ཞིག་ཆགས་བསྡད་ཡོད་རེད། ང་རང་ཚོའི་བཅའ་ཁྲིམས་དོན་ཚན་དང་པོའི་འགོ་བརྗོད་དེ་རང་དུ་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཞེས་བཀོད་ཡོད་པ་དང། དེའི་ནང་དོན་ནང་དུ་བོད་མིའི་ངོ་བོ་དང། དེའི་ཆིག་སྒྲིལ་གྱི་མཚོན་རྟགས་ཞེས། ༸སྐྱབས་མགོན་རིནཔོ་ཆེ་ལ་མཚན་དེ་འདྲ་ཡང་བེད་སྤྱོད་ཞུས་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ང་ཚོ་བོད་མི་རིགས་ཀྱི་འདུ་ཤེས་དེ། མགོ་བོ་དང་ལུས་གཉིས་བར་གྱི་མཇིང་པ་ལྟ་བུ་དེ་ཆགས་བསྡད་ཡོད་རེད། དེ་ཚོའི་གྲས་ང་ཚོས་འདུ་ཤེས་འཛིན་པའི་ཐོག་ནས་དེ་འདྲའི་རིགས་རེ་ཟུང་ཡོད་པ་ལ་བཟང་སྤྱོད་ཀྱི་ཐོག་ནས་གདོང་ལེན་གནང་དགོས་རྒྱུ་གལ་ཆེན་པོ་རེད། བཟང་སྤྱོད་ཀྱི་ཐོག་ནས་གདོང་ལེན་ཟེར་དུས་ཁོ་རང་ཚོའི་གནས་སྟངས་དེ་རྩད་གཅོད་བྱས་ཏེ་གོ་བརྡ་སྤྲད་དེ། གང་ལྟར་ང་ཚོའི་སྤྱི་ཚོགས་འདིར་བླ་སློབ་ཀྱི་དམ་ཚིག་མ་འཕྱུག་པ་ཞིག་དང་སྤྱི་ཚོགས་ཀྱི་མཐུན་འབྲེལ་ལ་མ་གནོད་པ་ཞིག་ཡོང་དགོས་པ་དེ་ང་ཚོ་བོད་མི་ཚང་མས་འགན་འཁུར་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་འདོད་བྱུང།

དེ་བཞིན་ང་ཚོ་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཚོགས་ཟིན་པ་དང་སྤྱི་འཐུས་རྣམ་པ་འཚམས་གཟིགས་ལ་ཕེབས་པ་རེད། འཚམས་གཟིགས་ཀྱི་ལས་དོན་དེ་དག་དངོས་ནས་ཚགས་ཚུད་པོ་ཞེ་དྲག་བྱུང་སོང། ཕྱོགས་གཅིག་ནས་ད་ལྟ་འདིར་གཙོ་སྐྱོང་གནང་མཁན་གྱི་གང་ཟག་འདིར་སེམས་འཚབ་ཡོང་གི་འདུག། ཐག་རིང་པོ་འགྲོ་དགོས་ཀྱི་ཡོད་རེད། མོ་ཊའི་ནང་དུ་འགྲོ་དགོས་ཀྱི་ཡོད་རེད། དེ་བཞིན་ Auto Rickshaw སོགས་ལམ་ཁ་སྡུག་ས་མང་པོ་ཞིག་ལ་ཕེབས་དགོས་དུས། མཚམས་རེ་བར་ཆད་དེ་འདྲ་ཡོང་མི་སྲིད་པ་ཞིག་མ་རེད་སྙམ་པའི་སེམས་འཚབ་དེ་འདྲ་ཡོང་གི་འདུག།ཡིན་ནའང་དེ་འདྲ་གང་ཡང་མེད་པའི་ཐོག་ནས་ལས་དོན་ལམ་ལྷོང་བྱུང་ཐུབ་སོང་བས། དེ་ཚོའི་གྲས་ལ་དགའ་ཚོར་བྱེད་འོས་པ་ཞིག་དང། མ་འོངས་པར་ཕྱི་ལོ་ ༢༠༡༧ ནས་སྤྱི་འཐུས་རྣམ་པར་ས་བགོས་ཕྱོགས་བསྐྱོད་དེ་འདྲའི་ལས་རིམ་བསྒྲིགས་ཡོད་རེད། དེ་ཚོའི་ཐོག་ནས་ང་ཚོ་བཙན་བྱོལ་ནང་གི་བོད་མི་ཚོའི་འཕྲོད་བསྟེན་གནས་སྟངས་ཡིན་ནའང་རེད། དེ་བཞིན་ཤེས་ཡོན་གྱི་གནས་སྟངས་ཡིན་ནའང་རེད། གནས་དོན་མང་པོའི་ཐོག་ལ་ཉམས་ཞིབ་དང་། གནས་དོན་གང་ཡོད་པ་དེ་སེལ་ཐུབ་རྒྱུ་དེ་ཕྱོགས་གཅིག་ནས་གྲོས་ཚོགས་ཀྱི་ཐོག་ནས་འགན་འཁུར་དགོས་པ་དང། ཕྱོགས་གཞན་ཞིག་ནས་འཛིན་སྐྱོང་ལ་ཞབས་སྐུལ་ཞུས་པའི་ཐོག་ནས་དེ་ཚོའི་གྲས་འཐུས་ཤོར་མི་འགྲོ་བ་ཞིག་ཡོང་གི་རེད་སྙམ་པའི་ཡིད་ཆེས་ཡོད། དེ་བཞིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་ནང་དུ། སྔོན་མ་༸སྐྱབས་མགོན་རིན་པོ་ཆེས་འཕྲོད་བསྟེན་གྱི་སྐོར་ལ་ཡིན་ནའང་རེད། ཉམ་ཐག་གི་སྐོར་ལ་ཡིན་ནའང་བཀའ་སློབ་ཕེབས་ཡོད་རེད། དེ་འདྲ་ཡིན་དུས་ཆེས་མཐོའི་ཚོགས་ཆུངགཉིས་བཙུགས་ཡོད་རེད། དེ་ཚོའི་གྲས་ཞིབ་འཇུག་ཚད་དང་ལྡན་པའི་ཐོག་ནས་བཙུགས་ཡོད་པའི་ཡིད་ཆེས་ཞུ་ཡི་ཡོད། དེའི་མཇུག་སྐྱོང་བྱེད་ཕྱོགས་དེའང་ཚད་ལྡན་དང་ཡག་པོ་ཞིག་ཡོང་རྒྱུར་གཙོ་སྐྱོང་གནང་མཁན་ངོས་ནས་རེ་བ་དང་ཡིད་ཆེས་ཞུ་ཡི་ཡོད།

དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བཀའ་བློན་ཡོད་པའི་ལྷན་ཁང་ཁག་གི་ལས་བསྡོམས་གྱི་ཐོག་ལ་དགོངས་འཆར་འབུལ་རྒྱུ་དང་། དྲི་བ་གཏོང་རྒྱུར་ཆ་བཞག་ན་དྲི་བ་སྟོང་ཁྲག་བརྒལ་བ་དེ་འདྲ་བྱུང་སོང། བྱས་ཙང་དེ་ཚོའི་གྲས་ལ་འཛིན་སྐྱོང་གི་ཐོག་ནས་མ་འོངས་པར་དགོངས་པ་བཞེས་པའི་ཐོག་ནས་ལས་དོན་དེ་དག་མཇུག་སྐྱོང་བྱ་དགོས་པ་དང། ལས་དོན་གསར་གཏོད་ཞུ་དགོས་པ། ལས་དོན་གྱི་ཐོག་ལ་འཛུགས་བསྐྲུན་འཕར་མ་དེ་འདྲ་བྱ་དགོས་པ་དགོངས་པར་བཅངས་ཡོད་རྒྱུ་རེད། དེ་ཚོའི་གྲས་དོན་དང་ལྡན་པ་ཡོང་རྒྱུར་རེ་བ་ཞུ་ཡི་ཡོད། ང་ཚོས་ཉིན་དགུ་ཙམ་ཚོགས་པ་རེད། དུས་ཚོད་མང་པོ་ཞིག་བཏང། དེ་བཞིན་འགྲོ་སོང་ཡང་མང་པོ་ཞིག་གཏོང་གི་ཡོད་རེད། བྱས་ཙང་དེ་ཚོའི་གྲས་ཆུད་ཟོས་སུ་མི་འགྲོ་བ་ཞིག་ང་རང་ཚོ་ཕྱོགས་ཡོངས་ནས་གནང་དགོས་པ་དེ་གལ་ཆེན་པོ་རེད། དེ་གཅིག་ཞུ་འདོད་བྱུང།

ད་ལན་གྲོས་ཚོགས་ཀྱི་ལས་ཉིན་དགུའི་རིང་ལ་གཙོ་བོ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོགས་དྲུང་དང་། དྲུང་འཕར། དེ་བཞིན་འབྲེལ་ཡོད་ལས་བྱེད་ཚང་མས་མཚན་ལ་ཕྱི་པོ་བཞུགས་རྒྱུ་དང་། ཞོགས་པ་སྔ་པོར་ཕེབས་ནས་ང་རང་ཚོའི་ལས་རིམ་འདི་ཚད་དང་ལྡན་པ་སྐྱོང་ཐུབ་པར་ཁོང་རྣམ་པའི་མཐུན་འགྱུར་དེ་མེད་དུ་མི་རུང་བ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་ཚོའི་གྲས་དེ་ཚད་དང་ལྡན་པ་ཞིག་གནང་སོང། དེ་ཡིན་དུས་མཚུངས་མེད་ཚོགས་དྲུང་མཆོག་དང། དྲུང་འཕར། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཚང་མར་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་གཅིག་དང་།

དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་གིས་ཕྱི་ལོགས་ལ་ང་ཚོར་སྲུང་བྱ་དེ་འདྲ་ཡར་མར་གནང་གི་ཡོད་རེད། དེ་ཚོའི་གྲས་དེ་ཚགས་ཚུད་པོ་ཧ་ཅང་གི་ཡག་པོ་གནང་གི་འདུག དེ་བཞིན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱི་ལས་བྱེད་རྣམ་པ་འདིར་ཆེད་མངགས་ཕེབས་ནས། དུས་ནས་དུས་སུ་ང་ཚོའི་རྒྱང་བསྒྲགས་དང་བརྙན་པར་ཐད་སྲིང་གནང་རྒྱུས་མཚོན་པའི་དྲྭ་རྒྱའི་ཐོག་ལ་འཇོག་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཁོང་རྣམ་པས་རུ་ངར་ཞིབ་ཚགས་ཀྱི་སྒོ་ནས་གནང་གི་འདུག དེ་ཡིན་དུས་དེ་ཚོ་ཚང་མ་ལ་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

འདི་ནས་གྲོལ་བའི་ཟླ་བ་དྲུག་གི་རྗེས་སུ་ཚང་མ་སྐུ་ཁམས་བདེ་པོའི་ངང་ནས་ལྷན་མཇལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་དགོངས་བཞེས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

Menu