
༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་ (Scandinavian) རྒྱལ་ཁོངས་ཌན་མག་དང་། སུཝི་ཌན། ནོར་ཝེ་བཅས་སུ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༣ ནས་བཟུང་ལས་རིམ་དབུ་འཛུགས་ཞུས་རྗེས་ཕྱི་ཚེས་ ༢༥ ཉིན་ཌན་མག་གི་ལས་རིམ་གྲུབ་པ་དང་།
ཕྱི་ཚེས་ ༢༨ ཉིན་སུཝི་ཌན་གྱི་ལས་རིམ་གྲུབ་སྟེ་དགོང་མོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་པ་གསུམ་དང་། སྐུ་ཚབ་དོན་གཅོད། དྲུང་ཆེ་བཅས་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ནོར་ཝེ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སོགས་ནས་ཕེབས་བསུ་ཞུས། དགོང་མོ་མགྲོན་ཁང་དུ་ཕེབས་འབྱོར་མཚམས་བོད་མི་དཀའ་ངལ་ཅན་གཉིས་ཀྱི་གནས་སྟངས་སྙན་གསན་ཞུས་པར་གསན་ཞིབ་གནང་།

༢༠༢༥ ཟླ་ ༡ ཚེས་ ༢༩ ཞོགས་པ་ཆུ་ཚོད་ ༩།༤༥ ཐོག་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་རྣམ་རྒྱལ་མཚོ་མོ་ལགས་ཀྱིས་རྒྱུས་སྟོན་དང་བཅས་ནོར་ཝེ་གྲོས་ཚོགས་ཀྱི་ཁང་ཆེན་དུ་ཞབས་སོར་འཁོད་མཚམས་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་སེ་མུ་སེ་ ཧོན་སན་ (Mr. Rasmus Honsson MP) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེག་ ཨིན་ ཨལ་སི་ཊིན་ (Mr. Dag Inge Ulstein MP) མཆོག་རྣམ་གཉིས་ཀྱིས་སྣེ་ཁྲིད་གནང་སྟེ་གྲོས་ཚོགས་ཀྱི་ཁང་ཁུངས་ཁག་དང་ལྷག་པར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལ་མཚན་རྟགས་འགོད་ཡུལ་གྱི་ཚོགས་ཁང་། གྲོས་ཚོགས་ཀྱི་ཚོགས་ཁང་རྙིང་པ་བཅས་སུ་གཟིགས་སྐོར་ཁྲིད་དེ་ངོ་སྤྲོད་གནང་བ་མ་ཟད།
གྲོས་ཚོགས་སུ་ཟུར་ཉན་གྱི་གོ་སྐབས་མཐུན་འགྱུར་གྲུབ་མཚམས་ཆུ་ཚོད་ ༡༠།༣༠ ནས་ ༡༡།༤༥ བར་གྲོས་ཚོགས་ཀྱི་ཁང་པ་ཞིག་ཏུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ ར་སེ་མུ་སེ་ ཧོན་སན་ (Mr. Rasmus Honsson MP, Green Party) མཆོག་གི་གཙོ་སྐྱོང་འོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེག་ ཨིན་ ཨལ་སི་ཊིན་ (Mr. Dag Inge Ulstein MP, Christian Democratic Party) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨོ་ལ་ ཨིལ་ཝེ་སི་ཊན་ (Ola Elvestuen MP, Liberal Party) མཆོག Conservative Party སྲིད་དོན་ཚོགས་པའི་སློབ་སྟོན་པ་ (Foreign Policy Adviser to the Conservative Party) ལགས་བཅས་མཉམ་ཞུགས་ཐོག་བོད་དོན་དང་འབྲེལ་བའི་ཚོགས་འདུ་བསྐྱངས། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ལས་འཕྲོས་ཏེ་བོད་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་མང་པོའི་ཐོག་ཕན་ཚུན་གོ་བསྡུར་དང་། དྲི་བ་དྲིས་ལན། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་ཐབས་སྐོར་ལ་རེ་སྐུལ་བཅས་དོན་སྙིང་ལྡན་པ་གནང་།
ཆུ་ཚོད་ ༡༢།༠༠ ནས་ ༡།༠༠ བར་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེངས་གནང་མཛད་སྐབས་ཀྱི་བཞུགས་གནས་གསོལ་མགྲོན་ཁང་ (GRAND HOTEL) ནས་གུང་ཚིགས་འདེགས་འབུལ་དང་ལྷན་ད་ལན་བོད་དོན་ཞུ་སྐུལ་གྱི་བརྒྱུད་རིམ་དང་། གནས་སྟངས། གཞན་ཡང་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་པོའི་ཐོག་བཀའ་བསྡུར་ལྷུག་པོ་གནང་། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མེ་རེ་དྷ་ ལིན་ཌི་ ཇོ་ཌལ་ལེན་ (Ms. Merethe Lind Jodalen, Director Norwegian Tibet Committee) ལགས་དང་། ཚོགས་མི་རྣམ་རྒྱལ་མཚོ་མོ་ལགས། ནོར་ཝེ་བོད་སྐད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ཚོགས་གཙོ་བཅས་མཉམ་ཞུགས་གནང་། ཚོགས་གཙོ་མཆོག་གི་རེ་ཞུས་ལྟར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་ནོར་ཝེ་བོད་སྐད་རླུང་འཕྲིན་ཁང་དུ་ཐེངས་འདིའི་ལས་རིམ་སྐོར་གྱི་དྲི་བར་ལན་འདེབས་གནང་།
ཕྱི་དྲོ་ཆུ་ཚོད་ ༡།༡༥ ནས་ ༢།༢༠ བར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ནོ་སྦེལ་ཞི་བདེའི་བསྟི་གནས་ཁང་གི་(Nobels Fredssenter Nobel Peace Center) འགྲེམ་སྟོན་ཆེན་མོར་གཟིགས་སྐོར་ཕེབས་སྐབས་སྡེ་ཚན་དེའི་ཤེས་ཡོན་འགན་འཛིན་ནས་འགྲེམ་སྟོན་དེའི་ནང་དོན་རེ་རེ་བཞིན་ལ་ཞིབ་འགྲེལ་གྱིས་འགྲེམ་སྟོན་གཟིགས་འབུལ་ཞུས།
ཕྱི་དྲོ་ ༢།༣༠ ནས་ ༣།༤༥ བར་གཞུང་འབྲེལ་གལ་ཆེའི་མི་སྣ་ཁག་ཅིག་གི་ལྷན་ཚོགས་འདུ་བསྐྱངས། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་མི་གསལ་སྒྲོན་ལགས་གཉིས་ནས་གོ་སྒྲིག་དང་མཐུན་འགྱུར་གནང་།
དགོང་མོ་ཆུ་ཚོད་ ༥།༣༠ ནས་ ༨།༣༠ བར་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་རུ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་དགོང་ཚིགས་འདེགས་འབུལ་དང་བསྟུན། བོད་དོན་ཞུ་སྐུལ་དང་འབྲེལ་བའི་ལས་རིམ་སྐོར་དང་། བོད་མི་རྣམས་གཅིག་སྒྲིལ་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཐོག་འགན་ཁུར་གནང་ཕྱོགས་སོགས་ཀྱི་སྐོར་ལ་སྤྱི་འཐུས་རྣམས་དང་སྐུ་ཚབ་དོན་གཅོད་བཅས་ནས་གསུང་བཤད་གནང་བ་དང་།
ཆབ་སྲིད་དང་འབྲེལ་བའི་གལ་ཆེའི་གནད་དོན་སོགས་ལ་དྲི་བ་དྲིས་ལན་འཐུས་ཚང་གནང་བས་བོད་མི་རྣམས་དགའ་ཚོར་ཆེན་པོ་བྱུང་འདུག མཐར་གཏང་རག་གི་ཚུལ་དུ་ན་གཞོན་ཕོ་མོ་གསུམ་ནས་ཞབས་བྲོ་གཟིགས་འབུལ་ཞུས་ཏེ་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་རྒྱལ་ཁབ་གསུམ་གྱི་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།