བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་རྒྱལ་ཁོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་རིམ་དབུ་འཛུགས་གནང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་(Scandinavian) རྒྱལ་ཁོངས་ཌན་མག་རྒྱལ་ས་ཀོ་པན་ཧཱ་གན་ (Copenhagen) གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༢ དགོང་མོ་ཆུ་ཚོད་ ༧།༠༠ ཐོག་ཕེབས་འབྱོར་བྱུང་སྐབས་ཨིན་ལན་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས། ཌན་མག་བོད་རིགས་ཚོགས་པའི་ཚོགས་གཙོ་དང་འཐུས་མི། ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའིི་(Tibet Support Committee Denmark) ཚོགས་གཙོ་ཨན་ཌར་སི་ ཨེཇ་ ཨན་ཌར་སན་ (Mr.Anders H. Andersen) ལགས་སོགས་ནས་ཕེབས་བསུའི་སྣེ་ལེན་དང་བཅས་བཞུགས་གནས་མགྲོན་ཁང་དུ་འབྱོར་རྗེས་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཌན་མག་རྒྱལ་སའི་ནང་བསྐྱང་རྒྱུའི་ལས་རིམ་ཁག་ངོ་སྤྲོད་ཞུས།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༣ ཞོགས་པ་ཆུ་ཚོད་ ༨།༣༠ ནས་ ༩།༣༠ བར་ཡུ་རོབ་རྒྱལ་སྤྱིའི་གཞོན་ནུའི་མཐུན་ཚོགས་ (European Youth International) ཀྱི་འགན་ཁུར་བ་སྐུ་ཞབས་ཨི་ལཡེ་ཊི་ ཨི་ ཧམ་ཛ་(Mr.Elliott E Hamza) ལགས་དང་། སྐུ་ཞབས་པེ་ཊི་རིག་ ཝིལ་དེན་རཊི་(Mr.Patrick Wildenradt) ལགས། ཚོགས་གཞོན་ལྕམ་སྐུ་རེ་བྷེ་ཀ་སོ་ནེ་ (Ms.Rebekka Sonne (Vice President)) བཅས་འགན་ཁུར་མི་སྣ་གསུམ་དང་ཐུག་འཕྲད་ཀྱིས་བོད་ནང་རྒྱ་ནག་དམར་གཞུང་གིས་དྲག་གནོན་གདུག་རྩུབ་ཇི་ལྟར་བྱེད་ཀྱི་ཡོད་གནས་སོགས་ཛ་དྲག་གནས་སྟངས་ཁག་ངོ་སྤྲོད་དང་།

ད་ལྟའི་ན་གཞོན་རྣམས་མ་འོངས་པའི་འགོ་ཁྲིད་ཆགས་སྲིད་པར་བརྟེན་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ན་གཞོན་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཐབས་ཀྱི་རེ་སྐུལ། ན་གཞོན་རྣམ་པ་བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་སྟེ་བོད་ཕྱི་ནང་གི་གནས་སྟངས་ཁག་ལ་རྒྱུས་ལོན་ཡོང་ཐབས་སོགས་ཀྱི་སྐོར་ལ་གླེང་མོལ་དང་བོད་དོན་གོ་རྟོགས་གང་ལེགས་སྤེལ་གནང་མཛད།

སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༠།༤༥ བར་ཌན་མག་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་སཱ་ཤཱ་ ཧྥེག་སི་ (Ms. Sascha Faxe) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་ལྷན་ཕྱག་རྟགས་དང་འབྲེལ་ཡོད་ཡིག་ཆ་ཁག་ཕུལ་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་རྟགས་འཁོད་པའི་གནད་དོན་རྣམས་ལ་ཞུ་སྐུལ་ནན་པོ་ཞུས་པ་དང་། མ་འོངས་པར་ཉི་འོང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དུ་མཉམ་ཞུགས་ཡོང་བའི་སྙན་གསན་ཞུས་གནང་མཛད།

སྔ་དྲོ་ཆུ་ཚོད་ ༡༡།༣༠ ནས་གུང་ཡོལ་ཆུ་ཚོད་ ༡༢།༣༠ བར་མཁས་དབང་སྐུ་ཞབས་ཀེམ་རོན་ ཝར་ནར་ (Mr. Cameron Warner PhD, Aarhus University) ལགས་ཀྱི་ལྷན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་ཡང་སྲིད་དང་འབྲེལ་བའི་སྐོར་སོགས་ལ་དགོངས་ཚུལ་བརྗེ་རེས་དང་། ད་ལན་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཌན་མག་སོགས་སུ་བཅར་ནས་བོད་དོན་ཞུ་སྐུལ་གནང་ཕྱོགས་ཇི་ཡིན། དེ་འབྲེལ་བོད་རིག་པའི་མཁས་དབང་རྣམས་ནས་ཐུགས་འགན་བཞེས་ཕྱོགས་དང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་ཐབས་བཅས་ཀྱི་སྐོར་ལ་བགྲོ་གླེང་སོགས་ཞིབ་ལྷུག་གནང་།

ཕྱི་དྲོ་ཆུ་ཚོད་ ༡།༠༠ ནས་ ༢།༣༠ བར་ཌན་མག་སྲིད་དོན་དང་མང་གཙོ་ཉམས་ཞིབ་བསྟི་གནས་ཁང་གི་ (Danish Institute for Parties and Democracy) འགན་འཛིན་སྐུ་ཞབས་མཱ་ཐི་ཡ་སཱ་ པར་སི་བྷེཀ་སི་ཀིབ་ཌལ་ (Director Mr. Mathias Parsbaek Skibdal) ལགས་དང་། སློབ་སྟོན་པ་རྒན་པ་ལྕམ་སྐུ་མར་ལེ་ནེ་ ཀོ་རེ་ཌོན་ (Senior Advisor Ms. Marlene Corydon Harittso ) ལགས་གཉིས་ཀྱི་ལྷན་ཌན་མག་རྒྱལ་ཁབ་ཀྱི་མང་གཙོའི་སྒྲོམ་གཞི་ཁག་དང་། རང་རེ་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་སོགས་ཀྱི་སྐོར་ཕན་ཚུན་ངོ་སྤྲོད་དང་།

རྒྱ་ནག་དམར་གཞུང་མང་གཙོ་གཅིག་སྡུད་རིང་ལུགས་ཀྱི་འོག་ཏུ་བོད་མི་རྣམས་དཀའ་སྡུག་ཇི་ལྟར་མྱོང་གི་ཡོད་པའི་སྐོར་དང་རང་དབང་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་ཡིད་ཆེས་དང་རེ་བ་ཇི་ལྟར་རྒྱག་གི་ཡོད་པའི་གནས་སྟངས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་།

 

ཕྱི་དྲོ་ཆུ་ཚོད་ ༣།༠༠ ནས་ ༤།༣༠ བར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་གསར་འགྱུར་སྡེ་ཚན་ཞིག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང། རྒྱ་ནག་དམར་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་བོད་མི་སོགས་ལ་དྲག་གནོན་ནམ། གནོན་ཤུགས་ཇི་ལྟར་སྤྲད་ཀྱི་ཡོད་པའི་སྐོར་སོགས་ལ་བཅར་འདྲི་ཞུས་པར་གསལ་བཤད་ལན་འདེབས་གནང་།

ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་ ༧།༠༠ བར་ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཐུན་འགྱུར་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེའི་དགོངས་གཞི་དང་འབྲེལ་བའི་“བདེ་སྐྱིད་ཀྱི་ཤེས་རབ་”(Wisdom of Happiness)ཅེས་པའི་གློག་བརྙན་ལ་གཟིགས་གནང་བ་དང་། དགོང་མོ་ཆུ་ཚོད་ ༨།༠༠ ནས་ ༡༠།༠༠ བར་ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ སྐུ་ཞབས་ཨན་ཌར་སི་ ཨེཇ་ ཨན་ཌར་སན་ (Mr. Anders H Andersen) ལགས་དང་། ལྕམ་སྐུ་ཀེ་རི་སི་ཊན་ སིལ་བྷར་བྷོར་ (Ms.Kirsten Silberbauer) ལགས། ལྕམ་སྐུ་ཧེ་ནི་བྷེ་སི་(Ms.HanneBess Boelsbjerg) ལགས། ལྕམ་སྐུ་ཨེ་ནེ་ སོ་ཕི་ བྷན་སི་ཌོར་ཕི་ (Ms.Anne-Sophie Bernsdorff (Tibet Help)) ལགས་སོགས་ཀྱི་ལྷན་དགོང་ཚིགས་མཉམ་རོལ་དང་འབྲེལ་བོད་དོན་སྐོར་ལ་ནང་མོལ་ལྷུག་རྩོལ་གནང་།

བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་ནི་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་དང་། བཀའ་སྤྱི་གཉིས་དང་འབྲེལ་ཡོད་དོན་གཅོད་སོགས་ནས་བོད་དོན་དང་འབྲེལ་བའི་ལས་དོན་གནང་དགོས་རིགས་ཀྱི་འབྲེལ་མཐུད་དང་མཐུན་འགྱུར་གནང་མཁན་ཞིག་དང་། བོད་དོན་དང་འབྲེལ་བའི་དཔེ་དེབ་ཁྲི་གཅིག་ལྷག་ཉོ་སྒྲུབ་གནང་སྟེ་གཟིགས་རྟོག་གནང་མཁན་ཞིག་ཡིན་པ་འདུག་པ་དང་། དེ་རིང་སྤྱི་ལྷན་གྱི་བོད་དོན་ཞུ་སྐུལ་ལས་དོན་ནང་ཨིན་ལན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལགས་བཅས་མཉམ་ཞུགས་གནང་འདུག་པ་བཅས།