ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་། ཐོག་མར་སྐར་རྟགས་ཅན་གྱི་དྲི་བ་དྲི་ལན་ཐོག་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་ནས་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ལ་དྲི་བ་གནང་བར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་།
དེ་ནས་མུ་མཐུད་ཐོག་བདེ་སྲུང་ལས་ཁུངས་མ་ལགས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་སྤྱི་འཐུས་རྣམ་པའི་དྲི་བ་ཁག་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལོ་འཁོར་ལས་བསྡོམས་ལ་དཔལ་ལྡན་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེང་གེ་མཆོག་ནས་སྙན་སྒྲོན་གནང་ཡོད་པ་རེད། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་ནས་སྙན་སྒྲོན་གནང་སྟེ། བགྲོ་གླེང་དགོས་པའི་གྲོས་འཆར་འདོན་མཁན་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ཡིན། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
ཉིན་རྒྱབ་གྲོས་ཚོགས་སུ་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུན་འགན་འཛིན་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ཆུ་ཚོད་ ༢།༠༠ པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྣེ་ལེན་ཞུས་ཏེ་གྲོས་ཚོགས་ནང་ཕེབས་གནང་མཛད་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གུས་བརྩི་ཆེན་པོའི་ཐོག་ཚོགས་མི་ཡོངས་ནས་སྐུ་བཞེངས་ཐོག་འཚམས་འདྲི་ཞུས་གནང་ཡོད་པ་རེད། དེ་ནས་སྤྱི་འཐུས་སྒེར་གྱི་གསལ་བཤད་གནང་ཡོད་པ་དང་། དེ་རྗེས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གནང་ཡོད་པ་རེེད། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ནས་སྙན་སྒྲོན་གནང་སྟེ། སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་རྒྱ་རིགས་ཐར་མཆོག་ཡིན། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལྷུག་པོ་གནང་ཡོད་པའི་གནས་ཚུལ་དུ།།