བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

 
༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༥ ཟླ་ ༡ པོའི་ཚེས་ ༢༢ ནས་ ༣༠  བར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་ (Scandinavian) རྒྱལ་ཁབ་ཌན་མག་ (Denmark) དང་། སུཝི་ཌན། (Sweden) ནོར་ཝེ་ (Norway) བཅས་གསུམ་གྱི་ནང་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
         དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༡ པོའི་ཚེས་ ༢༢ ཉིན་ཌན་མག་རྒྱལ་ས་ཀོ་པན་ཧཱ་གན་ (Copenhagen) ལ་ཕེབས་ཐོན་གནང་་རྒྱུ་དང་། ཕྱི་ཚེས་ ༢༣ ནས་ ༢༥ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༦ ནས་ ༢༨ བར་སུཝི་ཌན་རྒྱལ་ས་སི་ཊོག་ཧོམ་ (Stockholm) དུ་ལས་རིམ། ཕྱི་ཚེས་ ༢༩ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོར་ (Oslo) ལས་རིམ། ཕྱི་ཚེས་ ༣༠ ཉིན་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།