བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ལི་ཐུ་ཝེ་ནི་ཡ་དང་། ལ་ཊི་ཝི་ཡ། ཨི་སི་ཊོ་ནི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༠ ནས་ ༡༦ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡ་དང་། ལ་ཊི་ཝི་ཡ། ཨི་སི་ཊོ་ནི་ཡ་བཅས་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
​དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་རྒྱལ་ས་ལྡི་ལི་ནས་ལི་ཐུ་ཝེ་ནི་ཡའི་རྒྱལ་ས་ཝིལ་ནི་ཡེ་སི་ (Vilnius) ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༢ བར་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༡༢ ཉིན་གྱི་དགོང་དྲོ་ལ་ཊི་ཝི་ཡའི་རྒྱལ་ས་རི་གྷ་ (Riga) ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༤ ཉིན་ཨི་སི་ཊོ་ནི་ཡའི་རྒྱལ་ས་ཊ་ལིན་ (Tallinn) དུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།