བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དྲུག་པའི་གནས་ཚུལ།

 

img_5249

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་ཡོད་པ་དང་། སྐར་རྟགས་ཅན་གྱི་དྲི་བ་དྲི་ལན་ཐོག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་ནས་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་སིམ་ལ་ཁུལ་དུ་གནས་སྡོད་བྱེད་མཁན་ས་ཁག་བཞིའི་ནང་། མི་ཚང་ ༡༢༦ ཙམ་ལ་སྡོད་ཁང་གི་དཀའ་ངལ་ཧ་ཅང་ཆེ་བ་ནང་སྲིད་ལས་ཁུངས་ནས་མཁྱེན་རྟོགས་གསལ་པོ་ཡོད་སྟབས། མ་འོངས་པར་དཀའ་ངལ་ཧ་ཅང་ཆེ་བའི་ཁྱིམ་ཚང་དེ་དག་གི་ཆེད་དུ་དམིགས་བསལ་གྱི་ལས་འཆར་གང་དང་གང་ཡོད་དམ་ཞེས་དྲི་བ་གནང་བར་དཔལ་ལྡན་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་།

ལས་རིམ་གཉིས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གཉིས་པའི་དོན་ཚན་རེ་གསུམ་ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ནས་གཅིག་འོས་འདེམས་ཆེད་འོས་མི་འདེམས་སྒྲུག་ཚོགས་ཆུང་ཆེད་བཙུགས་ནས་འོས་མི་འཆར་འབུལ་ཞུས་པའི་འོས་མི་གཉིས་ཀྱི་མཚན་དང་ལོ་རྒྱུས་བཅས་དཔལ་ལྡན་ཚོགས་གཙོ་མཆོག་ནས་གྲོས་ཚོགས་སུ་སྙན་སྒྲོན་གནང་རྗེས་གསང་བའི་འོས་བསྡུ་གནང་བར། འོས་མི་སྣང་ས་ཆོས་སྒྲོན་ལགས་སུ་འོས་གྲངས་ ༡༨ དང་། འོས་མི་ངག་དབང་རབ་རྒྱལ་ལགས་སུ་འོས་གྲངས་ ༢༤ ཐོབ་པར་སོང་། ངག་དབང་རབ་རྒྱལ་ལགས་ཁྲིམས་ཞིབ་པ་གཞན་གཉིས་ལས་གཅིག་ལ་མང་མོས་ཀྱིས་འོས་བདེམས་བྱུང་བར་དཔལ་ལྡན་ཚོགས་གཙོ་མཆོག་ནས་འཚམས་ཞུ་དང་སྦྲགས་གསལ་བསྒྲགས་གནང་།

ལས་རིམ་གསུམ་པ་ཉིན་སྔོན་མའི་འཕྲོས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་སྤྱི་འཐུས་རྣམ་པའི་དྲི་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་ལན་འདེབས་གསལ་བཤད་གནང་ནས་དེ་ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༧།༠༠ བར་ཚོགས་ཡོད་པའི་གནས་ཚུལ་དུ།།

 

Menu