བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་པ།

༄༅། ། བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་དང་། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སྤྱི་འཐུས་རྣམ་པས་ཕ་རན་སིའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷར་ནརཌི་ གྷུ་ཊ་ (Bernard Guetta) མཆོག་དང་། ཨོསེ་ཊེ་ཡའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧན་ནསེ་ ཧ་ཌི་ (Hannes Heide) མཆོག ལི་ཐུ་ནི་ཡའི་ཡུ་རོབ་གྲོས་ཚོགས་འཐུས་མི་ཌཡེ་ནསེ་ ཛ་ལི་མ་ (Dainius Zalimas) མཆོག་དང་། རོ་མན་ཡའི་གྲོས་ཚོགས་འཐུས་མི་སྐུ་ལོ་རན་ ཝིན་ཛེ་ (Lorant Vincze) མཆོག་གི་སྐུ་ཚབ་ལས་བྱེད་དང་། འཇར་མ་ནི་ཡི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་ གྷ་ལར་ (Michael Gahler) མཆོག་བཅས་རིམ་པར་མཇལ་འཕྲད་ཀྱིས་བོད་དོན་གནས་བབ་སྐོར་སྤྱི་དང་། བྱེ་བྲག་ཏུ་ཉེ་བའི་ཆར་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་སྲིད་བྱུས་ངན་པ་ཇི་ལྟར་སྤེལ་བཞིན་ཡོད་པའི་སྐོར་ཞིབ་གླེང་དང་། བཙན་བྱོལ་ནང་བོད་མི་ཚོས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱེད་ཀྱི་ཡོད་པ་དང་། བོད་དོན་འཐབ་རྩོད་ཀྱི་གནས་བབ། མང་གཙོའི་ལམ་ལུགས་ཀྱི་སྒྲིག་འཛུགས་སྐོར་བཅས་དང། དེ་འབྲེལ་བོད་དོན་བདེན་མཐའ་གསལ་ཕྱིར། རང་དབང་ཅན་གྱི་ཡུལ་གྲུ་ཁག་ནས་སླར་བཞིན་རྒྱབ་སྐྱོར་དང་། ལྷག་པར་ཏུ་ཡུ་རོབ་གྲོས་ཚོགས་ནང་མུ་མཐུད་བོད་དོན་གླེང་སློང་དང་། བོད་དོན་ཐོག་དགོས་ངེས་ཅན་གྱི་གྲོས་ཆོད་འཇོག་ཐབས་ཡོང་བ་བཅས་ཞིབ་ཕྲ་ཞུ་གླེང་བྱུང་ཡོད་འདུག

མཇལ་འཕྲད་སྐབས་སོ་སོར་སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་མཉམ་བཅར་ཞུས་འདུག་པ་བཅས།