༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་དང་། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱལ་ས་ལྡི་ལི་ནས་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ལ་ཕེབས་ཐོན་གྱིས་ཉིན་གུང་ཆུ་ཚོད་ ༡།༢༠ ཐོག་སྦར་སིལ་གནམ་ཐང་དུ་ཕེབས་འབྱོར་བྱུང་བ་དང་།
བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་ས་གནས་བོད་རིགས་མང་ཚོགས་ཐུག་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་དབུ་འཛུགས་གནང་བ།
སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཡུ་རོབ་གྲོས་ཚོགས་བོད་དོན་ཞུ་གཏུག་གི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས་དང་། ས་གནས་ཆོལ་ཁ་གསུམ་དང་གཞོན་ནུ་བུད་མེད་བཅས་ཚོགས་སྡེ་ལྔའི་སྐུ་ཚབ་རྣམ་པས་ཕེབས་བསུ་ཞུས་འདུག་པ་དང་། ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ཀརྨ་བསོད་ནམས་རྒྱ་མཚོ་གླིང་ཆོས་ཚོགས་སུ་ས་གནས་བོད་རིགས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་ཆུ་ཚོད་ ༨།༠༠ བར་བསྐྱངས་འདུག་པ་བཅས།