༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༦ ནས་ ༢༤ བར་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཨོ་སི་ཀྲོ་ལི་ཡ་དང་། ནིའུ་ཛི་ལེན་ཌི་རྒྱལ་ཁབ་གཉིས་ཀྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༦ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ (Melbourne) ལ་ཕེབས་འབྱོར་གྱིས་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༡༨ ཉིན་རྒྱལ་ས་ཁན་བྷེ་ར་ (Canberra) ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༡ ནས་ ༢༣ བར་ནིའུ་ཛེ་ལན་ཌི་རྒྱལ་ཁབ་ནང་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས།